ལས་ཞུགས་ཀྱི“གར་སྟེགས”བཏོད། ལས་གཏོད་ཀྱི“ཞིང་ས”བསྐྲུན།

—— གཞིས་རྩེ་གྲོང་ཁྱེར་གྱིས་ཐབས་མང་མཉམ་སྤྱོད་ཀྱིས་སློབ་གྲྭ་ཆེ་མོ་བའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་བཏང་བའི་སྐོར་རགས་ཙམ་བཀོད་པ།    

གཞིས་རྩེ་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་རྒྱུའི་ལས་དོན་དེ་ལས་ཞུགས་བྱེད་རྒྱ་ཆེ་རུ་དང་། ཞི་མཐུན་ལ་སྐུལ་འདེད། བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་བྱ་ཐབས་ནུས་ལྡན་ཞིག་ལ་བརྩི་བ་དང་། དམངས་འཚོ་ལེགས་གཏོང་དང་། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་བྱ་ཐབས་གལ་ཆེན་དུ་བརྩིས་པས་ལས་ཞུགས་ཀྱི་གནས་ཚུལ་མུ་མཐུད་ལེགས་སུ་ཕྱིན་པ་དང་འབྲེལ། ལས་ཞུགས་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་ཡོད། ཟླ་11ཚེས་8ཉིན་བར། གྲོང་ཁྱེར་དེའི་ལོ་དེ་རང་གི་མཐོ་སློབ་སློབ་ཐོན་སློབ་མ་4463ཁྲོད་ནས་སློབ་མ་4137ལས་ཞུགས་ཐུབ་ནས་ལས་ཞུགས་ཐུབ་ཚད་92.7%ཟིན་ཡོད།

རྩ་འཛུགས་འགོ་ཁྲིད་ཤུགས་སྣོན་བརྒྱབ། སྤྱི་འདོམས་འཆར་འགོད་སྐུལ་འདེད་བཏང་།

གྲོང་ཁྱེར་ཡོངས་ཀྱིས་གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་བཞིའི་ཧྲུའུ་ཅིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ལས་དོན་ལ་དམ་འཛིན་བྱེད་པའི་ལམ་སྲོལ་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཡོད། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ་གྲོང་ཚོའི(གྲོང་ལྷན)སྡེ་ཁུལ་དང་། ཞིང་འབྲོག་དུད་ཚང་། གླིང་ཁུལ། ཁེ་ལས་བཅས་ལ་ས་གནས་ས་ཐོག་ཏུ་བརྟག་ཞིབ་བྱེད་པར་བསྐྱོད་པ་དང་། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ལས་དོན་རང་འགུལ་ངང་སྲིད་གཞུང་གི་ལས་འགན་གལ་ཆེན་ལ་བརྩིས་ཏེ། དམ་འཛིན་ལྷོད་མེད་དང་དམ་པོར་དམིགས་པ་དང་། རྫོང་ཁོངས་ནང་ཐག་གཅོད་དང་ལྗོངས་ཕྱི་ནང་དུ་གཏོང་བ་སོགས་ཀྱི་བྱ་ཐབས་བརྒྱུད། མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་བརྟན་པོ་དང་རང་བརྟེན་ལས་གཏོད་ཐུབ་རྒྱུར་རོགས་རམ་ཧུར་ཐག་བྱས་ཡོད།

རོགས་སྐྱོར་མཛུབ་ཁྲིད་ཧུར་ཐག་བྱས། ལས་ཞུགས་གང་ལེགས་ཡོང་བར་སྐུལ།

གཞིས་རྩེ་གྲོང་ཁྱེར་གྱིས་ཐབས་མང་མཉམ་སྤྱོད་ཀྱིས་སློབ་གྲྭ་ཆེ་མོ་བར་ལྟ་བར་འགྱུར་ལྡོག་དང་། ཉམས་མྱོང་ཕུན་སུམ་ཚོགས་སུ། གདེང་ཚོད་ཆེ་རུ་བཅས་གཏོང་བར་རོགས་རམ་བྱས་ཏེ། སློབ་གྲྭ་ཆེ་མོ་བའི་ཚོགས་སྤྱི་དང་མི་སྤྱོད་ཚན་པའི་དགོས་མཁོའི་བར་འབྲེལ་ཟམ་བཙུགས་ཏེ་ངལ་རྩོལ་ནུས་ཤུགས་ཁྲོམ་རའི་ཐོག་ལམ་སང་མཉམ་འདྲེས་ཐུབ་པ་བྱས་ཡོད། མི་100ཡོད་པའི་ནོར་དོན་རྩིས་པའི་གསོ་སྦྱོང་འཛིན་གྲྭ་ཐེངས་དང་པོ་གཉེར་བ་དང་། སློབ་གྲྭ་ཆེ་མོ་བ་125ལ་ལས་ཞུགས་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་4གཉེར་བ་རེད། ཁེ་ལས་ཀྱི་མི་སྤྱོད་དགོས་མཁོའི་འབྲེལ་མཐུད་ཚོགས་འདུ་འཚོགས་ནས་གཞིས་རྩེ་གྲོང་ཁྱེར་གྱིས་མཁོ་འདོན་ཐུབ་པའི་ལས་ཞུགས་ལས་གནས་2885ལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་ཏེ་མི་དང་ལས་གནས་གནད་སྨིན་སྦྲེལ་མཐུད་ཡོང་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད།

གཞིས་རྩེ་གྲོང་ཁྱེར་ཀྱིས་བོད་སྐྱོར་ཞིང་ཆེན་བཞི་དང་ཁེ་ལས་གཉིས་དབར་ལས་ཞུགས་ལས་གནས་1200གོ་རིམ་ལྡན་པའི་སྒོ་ནས་མཐུན་སྦྱོར་འབྲེལ་མཐུད་བྱས་པ་དང་། མི་ཐེངས་1500ལྷག་ཙམ་ལ་ཆེད་ལས་ལག་རྩལ་གསོ་སྦྱོང་བྱས་པ་དང་དུས་མཚུངས། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་ཁེ་ལས་སྣ་ཚོགས་སྒྲིག་འཛུགས་བྱས་ཏེ་གཞིས་རྩེ་གྲོང་ཁྱེར་གྱི་ཆེད་མངགས་ལས་བསྡུའི་འདུ་ཚོགས་གཉེར་བ་དང་། མིག་སྔའི་བར་ལས་ཞུགས་ཀྱི་འདོད་མོས་ཡོད་མཁན་269ཟིན་ཡོད།

དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་། ལས་གཏོད་རྣམ་པ་ཟབ་མོ་གཏོད།

གཞིས་རྩེ་གྲོང་ཁྱེར་གྱིས་དྲིལ་བསྒྲགས་ཚོགས་ཆུང་5འདེམས་མངགས་བྱས་ནས་རྫོང་དང་ཆུས་ཁག་དང་། ལས་ཁུངས་བྱ་གཞག་ཚན་པ། ཁེ་ལས་བཅས་སུ་བསྐྱོད་ནས་རིམ་རྩིས་ལྟར་ན་མི་ཐེངས་2500ལྷག་ཙམ་ལ་སྲིད་ཇུས་སྒྲོག་འགྲེལ་བྱས་པ་དང་། དྲིལ་བསྒྲགས་ཀྱི་དཔྱད་ཡིག་2190ལྷག་ཙམ་སྤྲད་པ། མང་ཚོགས་ཀྱི་བློ་འདྲི་ཐེངས་150ལྷག་ཙམ་ལ་ལན་བརྒྱབ་པ་དང་། གཞིས་རྩེའི་ཐེམ་ཁུངས་ཀྱི་ལས་ཞུགས་ལས་གཏོད་ཀྱི་དཔེ་མཚོན་འཐུས་མི་5སྒྲིག་འཛུགས་བྱས་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་དཔེ་མཚོན་སྐོར་སྐྱོད་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་འཚོགས་པས། མཐོ་སློབ་སློབ་ཐོན་སློབ་མའི་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད། གཞིས་རྩེ་གསར་འགྱུར་དྲ་བས“གཉིས་གཏོད་ཚད་ཤིང”ཆེད་སྒྲིག་ལེ་ཚན་བཏོད་པ་དང་། གཞིས་རྩེ་བརྙན་འཕྲིན་ལས་ཁུངས་ཀྱིས“གཞིས་རྩེ་གྲོང་ཁྱེར་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ཆེད་དོན་བགྲོ་གླེང་ལེ་ཚན”སྟོན་འགོ་ཚུགས་པ། 《གཞིས་རྩེའི་ཉིན་རེའི་ཚགས་པར》གྱིས་ལས་གཏོད་ཀྱི་དཔེ་མཚོན་ལ་བཅར་འདྲི་བྱེད་པའི་ཆེད་སྒྲིག་ལེ་ཚན་དང་ལས་གནས་ཆ་འཕྲིན་གྱི་ཆེད་སྒྲིག་ལེ་ཚན་བཏོད་ཡོད། གྲོང་ཁྱེར་ཡོངས་ཀྱི་སྐད་འཕྲིན་སྤྱི་རྟགས་ཆེ་གྲས་ཀྱི་ལས་སྟེགས་ཀྱིས་ལས་ཞུགས་ལས་གཏོད་ཀྱི་སྲིད་ཇུས་དང་དྲིལ་བསྒྲགས་པར་གཞི་ཁྱོན་350ལྷག་ཙམ་མུ་མཐུད་གཏོང་སྤེལ་བྱས་པ་དང་། འཕྲིན་ཐུང་ལས་སྟེགས་ཀྱིས་ལས་ཞུགས་ལས་གཏོད་ཀྱི་འཕྲིན་ཐུང་དུས་ཐེངས་10དང་ཁྱོན་འཕྲིན་ཐུང་ཁྲི་50ལྷག་ཙམ་གཏོང་སྤེལ་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།