ལྷ་ས་རུ་ད་ལོའི་མཐོ་རིམ་སློབ་ཆེན་མཐར་ཕྱིན་སློབ་མ་བཅུ་ཆའི་དགུ་ཡན་ལས་ཞུགས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་ནས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། ད་ལོ་ནས་བཟུང་ལྷ་ས་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག ལྷ་ས་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་གཉིས་ཀྱིས་དུས་རབས་གསར་པའི་ལས་ཞུགས་ལས་དོན་གྱི་བླང་བྱ་ཁྲིད་སྟོན་དུ་བྱས་ཏེ་གཙོ་གནད་འབུར་ཐོན་དང་། རིགས་དབྱེ། གསར་གཏོད་ཀྱི་འདུ་ཤེས། ཐབས་མང་མཉམ་སྤྱོད་བཅས་བྱས་པས་ལས་ཞུགས་ལས་གཏོད་ལས་དོན་གྱི་གོམ་སྟབས་ཇེ་བརྟན་དང་གྲུབ་འབྲས་མངོན་གསལ་ཐོབ། གྲོང་ཁྱེར་ཡོངས་ཀྱི་ལས་ཞུགས་གནས་བབ་བརྟན་འཇགས་ནས་ཇེ་བཟང་ཡོང་བར་ནུས་པ་ལྡན་པའི་འགན་ལེན་བྱས། 2019ལོའི་ཟླ1པོར་ཀྲུང་གོས་ཁྱབ་བསྒྲགས་བྱས་པའི་སྤྱི་པའི་ཞབས་ཞུའི་རྒྱབ་ཤ་སྔོན་པོའི་དེབ་ཀྱི་ནང་དུ། ལྷ་ས་གྲོང་ཁྱེར་གྱི་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་གི་དམིགས་ཚད་ཁག་གཉིས་རྒྱལ་ཡོངས་ཀྱི་གྲོང་ཁྱེར་གཙོ་བོ38ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ནུས་པའི་ཁྲོད་མུ་མཐུད་དུ་ཨང་དང་པོར་སླེབས་ཡོད་པར་གསལ།

རྒྱུས་ལོན་བྱུང་བ་ལྟར་ན། 2019ལོར་ལྷ་ས་གྲོང་ཁྱེར་གྱི་ལས་ཞུགས་ལས་འགན་དོན་ཚན་ཁག་གི་དམིགས་ཚད་བདེ་བླག་ངང་ལེགས་འགྲུབ་བྱུང་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ཁྲི1.31ལ་གསར་དུ་འཕར་སྣོན་བྱུང་ཡོད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་བརྒྱ་ཆའི2.2ནང་དུ་མུ་མཐུད་དུ་ཚོད་འཛིན་བྱས་ཡོད་པ་རེད། ད་ལོའི་མཐོ་རིམ་སློབ་ཆེན་མཐར་ཕྱིན་སློབ་མ4647ཡོད་པ་དང་དེའི་ནང་མི4475དངོས་སུ་ལས་ཞུགས་བྱས་པས། ལས་ཞུགས་ཐུབ་ཚད96.3%ལ་སླེབས་ཡོད། ཞིང་འབྲོག་མང་ཚོགས་ཁྲི7.47ལས་ཞུགས་གཞན་སྒྱུར་བྱས་པ་དང་ཡོང་འབབ་སྒོར་དུང་ཕྱུར5.93མངོན་འགྱུར་བྱུང་ནས། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་ཚོར་ཐུབ་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་བྱུང་བའི་གྲུབ་འབྲས་ལོངས་སུ་སྤྱོད་ཐུབ་པ་བྱུང་ཡོད།

མཐོ་རིམ་སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་ཆེད། ད་ལོར་ལྷ་ས་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་གཉིས་ཀྱིས་ཕྱོགས་ཡོངས་ནས་ཁྲིད་སྟོན་དང་རོགས་སྐྱོར་སོགས་ཀྱི་ཞབས་ཞུ་བྱས་པ་བརྒྱུད། མཐོ་རིམ་སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་དོན་ལ་དགའ་འོས་པའི་གྲུབ་འབྲས་བཟང་པོ་ཐོབ། མིག་སྔའི་བར་ལོ་འདི་གའི་མཐོ་རིམ་སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་ཚད96.3%ལ་སླེབས་པས། སྔ་སྣུར་དུ་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་གཏན་འཁེལ་བྱས་པའི90%ཡི་དམིགས་ཚད་ལས་བརྒལ་ཏེ་ལས་འགན་ལེགས་འགྲུབ་བྱུང་བ་དང་། དེའི་ནང་ཁྲོམ་རའི་ལས་ཞུགས་མི་གྲངས་ཀྱིས་ལས་ཞུགས་མི་གྲངས་ཀྱི78%བཟུང་བ་དེ2018ལོ་ལས་བརྒྱ་ཆའི་གྲངས12གྱིས་འཕར་ཡོད་པ་རེད།

ཞིང་འབྲོག་མི་དམངས་ལས་ཞུགས་གཞན་སྒྱུར་བྱས་པའི་ཡོང་འབབ་འཕར་སྣོན་འབྱུང་བར་སྐུལ་འདེད་གཏོང་ཆེད། ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་སུ་ངལ་རྩོལ་མངགས་གཏོང་ཀུང་སི13དང་ལས་གཉེར་མཉམ་ལས་རུ་ཁག145བཙུགས་པ་དང་། གཞི་རིམ་གྱི་ཁྲོམ་རའི་བྱེད་པོ་མེད་པ་ནས་ཡོད་པར་བྱས་ཏེ་རྫོང་དང་། ཆུས། ཤང་གྲོང་བཅས་ཚང་མར་ཁྱབ་ཡོད་པ་རེད། ངལ་རྩོལ་མངགས་གཏོང་སྒྲིག་གཞིའི་རྩ་འཛུགས་བརྒྱུད་ཞིང་འབྲོག་ཁུལ་གྱི་མི་གྲངས2174ངལ་རྩོལ་གཞན་སྒྱུར་ལས་ཞུགས་བྱས་པའི་ཡོང་འབབ་སྒོར་ཁྲི3348.37མངོན་འགྱུར་བྱུང་། ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་ནུས་རྩལ་གསོ་སྦྱོང་ཐེངས203དང་མི་གྲངས9547ལ་བུད་པས་ལས་ཞུགས་གཞན་སྒྱུར་གྱི་སྤུས་ཚད་བརྟན་འཇགས་ཀྱིས་མཐོ་རུ་ཕྱིན་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།