བོད་ལྗོངས་ཀྱི་ཐང་གའི་རྒྱུན་འཛིན་པ60ཡི་གསོ་སྦྱོང་མཇུག་བསྒྲིལ་ནས་རིག་གནས་རྒྱུན་འཛིན་ལ་རམ་འདེགས་བྱས་པ།

1575427860757875.jpg

ཐང་ག་གསོ་སྦྱོང་མཇུག་སྒྲིལ་བའི་ལག་ཁྱེར་སྤྲད་པ། ཀུན་བཟང་ལྷ་མོས་པར་བླངས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས3ཉིན་ཀྲུང་གོའི་བོད་ལྗོངས་སློབ་ཆེན་གྱིས་བསྡུས་པའི་སྐབས་ལྔ་པའི་བོད་ཀྱི་ཐང་ག་རྒྱུན་འཛིན་ཁྱབ་གདལ་གཏོང་བའི་གསོ་སྦྱོང་འཛིན་གྲྭ་ལྷ་ས་རུ་མཇུག་སྒྲིལ་ཞིང་། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭའི་ནང་ཁྱོན་བསྡོམས་པས་སློབ་མ60ཞུགས་ཡོད་པ་དང་། སློབ་མ་རྣམས་བོད་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་སོ་སོའི་ཐང་གའི་ལས་གཉེར་བ་ཤ་སྟག་རེད།

1575427872434547.jpg

སློབ་མའི་ཐང་གའི་བརྩམས་ཆོས། (རི་མོའི་ཆ་ཤས་ཤིག)  ཀུན་བཟང་ལྷ་མོས་པར་བླངས།

བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གི་རབ་འབྱམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་དང་། དགེ་རྒན་ཆེན་མོ་གཞོན་པ་སྟག་ལྷ་ཚེ་རིང་གིས་གསར་འགོད་པར་བཤད་རྒྱུར། ཐེངས་འདིའི་གསོ་སྦྱོང་ནི་རིག་གནས་ཡུལ་སྐོར་པུའུ་དང་སློབ་གསོ་པུའུ་གཉིས་ཀྱིས་མཉམ་གཅིག་ཏུ་སྤེལ་འགོ་ཚུགས་པའི་རིག་གནས་ལས་གཞིའི་རྣམ་གྲངས་གལ་ཆེན“ཀྲུང་གོའི་གཟུགས་འདས་ཤུག་བཞག་རིག་གནས་རྒྱུན་འཛིན་ཚོགས་པའི་ཞིབ་འཇུག་གསོ་སྦྱོང་འཆར་གཞིའི”ལས་དོན་ཞིག་ཡིན་ཟེར།

1575427882800879.jpg

ཐང་གའི་དགེ་རྒན་དང་སློབ་མ་རྣམས་ཀྱིས་གསོ་སྦྱོང་མཇུག་སྒྲིལ་བའི་བརྩམས་ཆོས་འགྲེམས་སྟོན་ལ་ལྟ་སྐོར་བྱས། ཀུན་བཟང་ལྷ་མོས་པར་བླངས།

བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་གི་སློབ་མ་པ་སངས་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། 2013ལོར་ཁོང་བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་ནས་སློབ་མཐར་ཕྱིན་རྗེས་ཕ་ཡུལ་ཟངས་རིར་སོང་ནས་དགེ་རྒན་བྱས་ཏེ། རང་ཉིད་ཀྱིས་སློབ་ཆེན་ནང་སྦྱངས་པའི་ཐང་ག་འབྲི་རྩལ་དེ་སློབ་འབྲིང་གི་སློབ་མ་རྣམས་ལ་སློབ་ཁྲིད་བྱས་པ་ཡིན་ཞེས་ཟེར།

1575427894407116.jpg

  སློབ་མའི་ཐང་གའི་བརྩམས་ཆོས། (རི་མོའི་ཆ་ཤས་ཤིག) ཀུན་བཟང་ལྷ་མོས་པར་བླངས།

སྔོན་ཆད་སློབ་གྲྭའི་ནང་ཐང་ག་སློབ་ཁྲིད་བྱེད་པའི་སྐབས། གང་ཞིག་ནས་འགོ་བཟུང་ནས་ཁྲིད་དགོས་པ་མ་ཤེས། པ་སངས་ཚེ་རིང་གིས་བཤད་རྒྱུར། ད་ཐེངས་ཀྱི་གསོ་སྦྱོང་སློབ་ཚན་གྱི་ནང་དོན་ཕུན་སུམ་ཚོགས་སྟེ། བོད་ཀྱི་ལོ་རྒྱུས་དང་། རིག་གནས། སྒྱུ་རྩལ་བཅས་དང་དེ་བཞིན་ཐང་གའི་རི་མོ་དང་དགོན་སྡེའི་ལྡེབས་རིས་སོགས་དང་འབྲེལ་ཡོད་པས། “མཐོང་རྒྱ་ཆེ་རུ་ཕྱིན་པ་མ་ཟད། རིག་ལམ་ཡངས་བར་ཕྱེས་ལ། རང་ཉིད་ཀྱིས་རྗེས་ཕྱོགས་ཀྱི་སློབ་ཁྲིད་བྱེད་སྟངས་ལ་དོན་སྙིང་ལྡན་པའི་ཕན་འབྲས་ཆེན་པོ་ཐོབ་ཐུབ་ཟེར།

1575427905536406.jpg

སློབ་མའི་ཐང་གའི་བརྩམས་ཆོས། (རི་མོའི་ཆ་ཤས་ཤིག) ཀུན་བཟང་ལྷ་མོས་པར་བླངས།

བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གི་ཐིང་ཀྲང་གཞོན་པ་དང་། སྐོར་ཞིབ་པ་བཟང་པོས་ངོ་སྤྲོད་བྱས་པ་ལྟར་ན། ཐང་ག་ནི་བོད་མི་རིགས་ལ་དམིགས་བསལ་དུ་ཡོད་པའི་རི་མོའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་པ་དང་། བོད་རིགས་ཀྱི“ཤེས་བྱ་ཀུན་འདུས་”ཞེས་པའི་མཚན་སྙན་ཐོབ་ཡོད་ལ། བོད་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ཕུལ་བྱུང་མཚོན་བྱེད་ཅིག་ཀྱང་ཡིན། སྒྱུ་རྩལ་གྱི་རིན་ཐང་དང་རིག་གཞུང་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན་ཡོད། ད་བར་ལོ་ངོ1300ལྷག་གི་ལོ་རྒྱུས་ལྡན་པས། བོད་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་གལ་ཆེན་གྱི་གྲས་ཀྱི་གཅིག་ཡིན་ཟེར། 

གཞུང་ཕྱོགས་ཀྱིས། ཉེ་བའི་ལོ་ཤས་རིང་བོད་ལྗོངས་ཀྱི་ཐང་གའི་སྒྱུ་རྩལ་མགྱོགས་མྱུར་ངང་འཕེལ་རྒྱས་ཕྱིན་ཏེ། བོད་ལྗོངས་ཀྱི་རིག་གནས་སྲུང་སྐྱོང་གྲུབ་འབྲས་ཀྱི་མཚོན་རྟགས་གལ་ཆེན་དང་རིག་གནས་འཕེལ་རྒྱས་ཀྱི་སྤུས་རྟགས་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་མ་ཟད། སྤྱི་ཚོགས་ཡོངས་ཀྱིས་དོ་ཁུར་བྱེད་པའི་རིག་གནས་ཤིག་དང་མང་ཚོགས་ཀྱི་ལས་གཏོད་ཡོང་འབབ་འཕར་བའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅེས་བཤད་པ་རེད།

“བོད་ཀྱི་ཐང་གའི་སྒྱུ་རྩལ་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་ཁྲོད། ཐང་གའི་ལས་རིགས་མི་སྣ་ཁག་གཅིག་གི་ཕྱོགས་བསྡུས་རིག་གནས་བློ་སྦྱོང་དང་། ཇུས་འགོད་གསར་གཏོད་ནུས་པ་མི་འདང་བ། ལས་རིགས་ཧྲིལ་པོའི་སྟོབས་ཤུགས་དང་ཁྲོམ་རའི་འགྲན་རྩོད་ནུས་པ་མི་འདང་བ་བཅས་ཀྱི་གནད་དོན་འདི་ཆགས་ཡོད། བཟང་པོས་བསམ་པར། ཁོང་གིས་གོང་གསལ་གྱི་ད་ལྟའི་གནས་ཚུལ་ལ་འགྱུར་ལྡོག་གཏོང་བར་སྲོལ་རྒྱུན་གྱི་བཟོ་རྩལ་དང་རིག་གཞུང་དང་། སྒྱུ་རྩལ། དེང་རབས་ཀྱི་བསམ་བློའི་ཇུས་འགོད། དེང་རབས་ཀྱི་སློབ་གསོ། དེ་བཞིན་མང་ཚོགས་ཀྱི་འཚོ་བ་བཅས་ཀྱི་སྦྲེལ་ཟམ་བསྐྲུན་དགོས་པ་དང་། དེང་རབས་ཀྱི་ཇུས་འགོད་དེ་སྲོལ་རྒྱུན་གྱི་བཟོ་རྩལ་དང་སྲོལ་རྒྱུན་གྱི་བཟོ་རྩལ་དེ་དེང་རབས་ཀྱི་འཚོ་བར་ཁྱབ་པར་བྱེད་དགོས། སྲོལ་རྒྱུན་རྒྱུད་འཛིན་དང་། རྩ་བ་མི་འབོར་བ། བཟོ་སྐྲུན་ལེགས་བཅོས། སྤུས་ཚད་མཐོར་འདེགས་བཏང་ནས་དད་སེམས་ལྡན་ཞིང་ཕུགས་བསམ་ཆེ་བ། སེམས་ལ་འཆར་སྒོ་ཡོད་པ། ཕྲག་ཏུ་འགན་འཁུར་ཡོད་པ། ལག་ཏུ་ལག་རྩལ་ལྡན་པ་བཅས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཐང་གའི་སྒྱུ་རྩལ་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཁག་གཅིག་གསོ་སྐྱོང་བྱེད་དགོས་ཞེས་བཤད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།