བཞད་མཐོང་སྨོན་རྫོང་གིས་ཁྱིམ་ཚང་སྨན་པའི་གན་འཇོག་ལམ་ལུགས་ལ་སྐུལ་སྤེལ་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན་དུ། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་གིས་མཁོ་ཆོད་སྨན་པ་དཀའ་བཅུ་པའི་ཚོགས་པ་དེ་རྨང་གཞིར་བྱས་པའི་ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བ་དང་། གཞི་རིམ་གྱི་སྨན་བཅོས་སྒྲིག་གཞིའི་ཞབས་ཞུའི་ནུས་པ་ཆེ་རུ་ཏན་ཏིག་བཏང་ནས། སྨན་བཅོས་ཞབས་ཞུ་ཉིད་རྒྱང་ཐག་རིང་ཤོས་ཀྱི་དུད་ཚང་ལ་ཁྱབ་པར་བྱས་ཏེ་མང་ཚོགས་ལ་བདེ་ཐང་ཞབས་ཞུའི“མཐའ་མའི་འགག་གནད”བསལ་བ་རེད།

བཞད་མཐོང་སྨོན་རྫོང་གིས་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི་སྨན་དོན་མི་སྣ་གཙོ་བོར་བྱས་ནས་མི་གྲངས་315ཡི་ཁྱིམ་ཚང་སྨན་པའི་གན་འཇོག་ཚོགས་པ་བཙུགས་ཏེ་མང་ཚོགས་15441ལ་ཡུན་རིང་དང་། བརྟན་པོ། འཕྲལ་མཁོ་བཅས་ཀྱི་ཞབས་ཞུའི་འབྲེལ་བ་ཞིག་བཙུགས་ཤིང་། “རྫོང་རིམ་པའི་སྨན་པས་ཤང་འགན་གཙང་ལེན་པ་དང་། ཤང་རིམ་པའི་སྨན་པས་གྲོང་ཚོ་འགན་གཙང་ལེན་པ། གྲོང་ཚོའི་སྨན་པས་དུད་ཚང་དང་མི་འགན་གཙང་ལེན་པ”བཅས་ཀྱི་རྣམ་པར་བརྟེན་ནས། གྲོང་ཚོའི་སྨན་པས་ག་དུས་ཡིན་རུང་སྨན་བཅོས་བྱེད་པ་དང་། ཤང་གི་སྨན་པས་ཟླ་རེར་གན་འཇོག རྫོང་གི་སྨན་པས་དུས་ཚིགས་རེར་མཛུབ་ཁྲིད་བཅས་བྱེད་པའི་ལམ་ལུགས་ལག་བསྟར་གྱིས་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་དང་ཡིག་ཚགས་དང་གཱ་བཟོས་མེད་པའི་ནད་པར་ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུ་ཡོངས་སུ་ཁྱབ་པ་རེད།

བཞད་མཐོང་སྨོན་རྫོང་གིས་གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་གཙོ་གནད་དུ་བྱས་ནས། གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་དྲ་རྒྱ་འཐུས་སྒོ་ཚང་དུ་བཏང་ནས་རྫོང་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་དེ་འདེགས་སྐྱོར་དང་། ཤང་གྲོང་རྡལ་འཕྲོད་བསྟེན་དེ་ལྟེ་བ། གྲོང་ཚོའི་འཕྲོད་བསྟེན་ཁང་དེ་རྨང་གཞི་བཅས་ཀྱི་སྨན་བཅོས་ཞབས་ཞུའི་དྲ་བ་ཞིག་ཆགས་ཤིང་། རྫོང་དང་ཤང་གི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་གཞི་གཅིག་ཅན་གྱི་དོ་དམ་ལག་བསྟར་དང་། སྨན་བཅོས་དང་། སྨན་བཅོས་འགན་བཅོལ། སྨན་པ་དང་སྨན་བཅོས་མཉམ་འགུལ་བཅས་ལག་བསྟར། སྨན་པ་དང་སྨན་ལོགས་སུ་དབྱེ་རྒྱུར་སྐུལ་འདེད། རིམ་དབྱེ་ནད་བརྟག་སྨན་བཅོས་ལག་བསྟར་བཅས་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་བཙུགས་པ་རེད། བདེ་ཐང་དབུལ་སྐྱོར་ལས་དོན་སྤེལ་ཚུན། བཞད་མཐོང་སྨོན་རྫོང་གིས་སྐྱ་འགྲིབ་ནད་པ་108དང་། ཐུམ་འབུའི་ནད་ཀྱི་ནད་པ་20 ལྷན་སྐྱེས་སྙིང་ནད་ཕོག་པའི་ནད་པ་45བཅས་ལ་སྨན་རིན་མི་དགོས་པར་སྨན་བཅོས་བྱས་ཁར་དམིགས་བསལ་གྱི་གཅོང་ནད་རིགས་28ལ་སྨན་རིན་རྩིས་ཞུ་ཁ་གསབ་ཀྱང་བྱས་པ་རེད། ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཁྱབ་ཚད་100%དང་། ཞིང་འབྲོག་པའི་བདེ་ཐང་གཟུགས་པོ་བརྟག་དཔྱད་ཀྱི་ཡིག་ཚགས་བཟོ་ཚད་92.5% ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་བྱེད་ལམ་གསར་པའི་སྤྱི་འདོམས་ཁྱབ་ཚད་100%བཅས་ཟིན་རྒྱུ་མུ་མཐུད་རྒྱུན་འཁྱོངས་ཐུབ་ཡོད། སྦྲུམ་མ་སྨན་ཁང་དུ་བསྡད་ནས་ཕྲུ་གུ་བཙའ་ཚད་97%དང་། ཕྲུ་གུ་དམར་འབྱར་འཆི་ཚད་དམིགས་ཚད་ནང་ཚོད་འཛིན་ཐུབ་པ། འཆར་གཞི་ལྟར་སྨན་ཁབ་རྒྱག་ཚད་98%ཟིན་པ། འཕྲོད་བསྟེན་ལྟ་སྐུལ་ཁྱབ་ཚད་95%ཡན་ཟིན་པ་བཅས་རེད།

རྫོང་ཡོངས་ཀྱིས་གྲོང་སྡོད་ལས་དོན་རུ་ཁག་དང་། ཧྲུའུ་ཅི་ཨང་དང་པོ། ཁྱིམ་ཚང་སྨན་པ་བཅས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། དམངས་ཡོངས་ཀྱི་གཟུགས་པོ་བརྟག་དཔྱད་ཀྱི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་མང་ཚོགས་ཀྱི་ཤེས་ཚད་ཟབ་ཏུ་བཏང་ཡོད། སྔ་རྗེས་སུ་མ་དངུལ་སྒོར་ཁྲི་511.874བཏང་ནས་སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་དང་ཡུག་བགོས་འགན་ལེན་གྱི་རྣམ་པར་བརྟེན་ནས་བོད་ལྷོ་སྨན་ཁང་སོགས་སྨན་ཁང་3སྒྲིག་འཛུགས་ཀྱིས་སྲིད་འཛིན་གྲོང་ཚོ་95ལ་བསྐྱོད་དེ་ནད་རིགས་ཆེན་པོ་7ལ་གཟུགས་པོ་བརྟག་དཔྱད་ཀྱི་སྒོ་རྩའི་ཞབས་ཞུ་བྱས་ནས་གཟུགས་པོ་བརྟག་དཔྱད་ལས་དོན་ཁྱིམ་ཚང་དང་གྲོང་མི་ཚང་མར་ཁྱབ་པར་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།