བོད་ལྗོངས་ཆབ་མདོའི་སྔོན་གཤེགས་དཔའ་བོ་གསུམ་གྱིས་ཚེ་སྲོག་སྐྱེས་སུ་ཕུལ་ནས་ས་མཐོའི་མི་དམངས་སྲུང་སྐྱོབ་བྱས་པ།

1995ལོའི་ཟླ1ཚེས12ཉིན། ཛ་དྲག་ཆེ་བའི་མེ་མདའི་སྒྲ་ཡིས་བོད་ལྗོངས་ཆབ་མདོ་ས་ཁུལ་གོ་འཇོ་རྫོང་བྱང་གསུམ་ཤང་རྐང་ཉིན་གྲོང་ཚོའི་ཞོགས་པའི་ཁུ་སིམ་གྱི་རྣམ་པ་མེད་པར་བཟོས། ཉེས་ཅན་ཁག་གཅིག་གིས་སྨྱོ་ཧམ་ཆེན་པོས་ཁོང་ཚོ་བཟུང་བར་སླེབས་པའི་སྤྱི་བདེའི་ལས་བྱེད་ཉེན་རྟོག་པར་མེ་མདའ་བརྒྱབ་ནས་མཐའ་མའི་འགོག་རྒོལ་བྱེད་པའི་རེ་ངན་བཅངས་པ་རེད། ཛ་དྲག་ཆེ་བའི་མེ་མདའ་རྒྱག་རེས་ཁྲོད། བློ་བཟང་ཚེ་རིང་དང་། ཉི་མ་བཀྲ་ཤིས། བློ་བཟང་ཡེ་ཤེས་བཅས་སྤྱི་བདེའི་ལས་བྱེད་ཉེན་རྟོག་པ་3ལ་སྟབས་མི་ལེགས་པར་མེ་མདའ་ཕོག་ནས་རང་སྲོག་ཤོར་བ་རེད།

དཔའ་བོ་3པོས་རང་སྲོག་སྐྱེས་སུ་ཕུལ་ནས་ཡུལ་དེའི་བདེ་འཇགས་བསྲུངས་པ་མི་དམངས་ཀྱིས་ནམ་ཡང་བརྗེད་མི་སྲིད།

1990ལོའི་ཟླ་10པར། བྱང་གསུམ་ཤང་དུ་མེ་མདའ་ཁྱེར་བའི་མི་གསོད་འཕྲོག་བཅོམ་གྱི་གྱོད་གཞི་ཞིག་ཐོན་པ་རེད། ས་གནས་དེ་གའི་ཇག་པ་སྒྲོལ་ཡོན་འཕྲིན་ལས་ཀྱིས་ཆོས་དར་སོགས་མི་3དང་མཉམ་དུ་ཕ་ཡུལ་གཅིག་པའི་ཁྱིམ་ཚང་གཅིག་གི་ནང་མི་5བསད་པ་དང་། དེའི་ནང་ལོ་8ལ་སླེབས་པའི་བྱིས་པ་ཞིག་ཀྱང་ཚུད་ཡོད། དེ་དང་ཆབས་ཅིག་གཤིན་པོའི་ལུས་ཀྱི་ནོར་བུའི་རིགས་དང་དངུལ་སྨར་སྒོར་ཁྲི་3ཁྱེར་ནས་བྲོས་བྱོལ་དུ་སོང་ཡོད།

“སུས་ང་ཉེན་རྟོག་པར་ཐེར་འདོན་བྱས་ཚེ་དེ་གསོད་ཀྱི་ཡིན”ཞེས་འཇིགས་སྐུལ་བྱས་པ་དང་། སྒྲོལ་ཡོན་འཕྲིན་ལས་སོགས་བྲོས་བྱོལ་དུ་སོང་རིང་། མེ་མདའ་ཁྱེར་ཏེ་ནག་ཉེས་གསོག་པའི་བྱེད་སྤྱོད་མཚམས་འཇོག་གཏན་ནས་བྱས་མེད།

1995ལོའི་གནམ་ལོ་གསར་ཚེས་སྐབས་མང་ཚོགས་ཀྱིས་སྒྲོལ་ཡོན་འཕྲིན་ལས་ཕ་ཡུལ་རྐང་ཉིན་གྲོང་ཚོར་སླེབས་པའི་གནས་ཚུལ་ཐེར་འདོན་བྱས་པས། ཆབ་མདོའི་ཉེན་རྟོག་ཕྱོགས་ཀྱིས་འཕྲལ་མར་སྐོར་བཅོམ་ཡན་ལག་རུ་ཁག་བཙུགས་པ་དང་ཆབ་མདོ་ས་ཁུལ་སྤྱི་བདེའི་ཁྲུའི་ཁྲུའུ་ཀྲང་བློ་བཟང་ཚེ་རིང་གིས་རུ་དཔོན་གྱི་འགན་ཁུར་བ་རེད།

དང་ཐོག་བློ་བཟང་ཚེ་རིང་གིས“ང་ཚོ་ནི་ཉེན་རྟོག་པ་ཡིན་པས་མགྱོཌ་པོ་མགོ་བཏཌ་ཞུས་ཤིག”ཅེས་བརྗོད་པས་སྒྲོལ་ཡོན་འཕྲིན་ལས་ཀྱིས་འཛེམ་བག་མེད་པར་མེ་མདའ་བརྒྱབ་པ་རེད། བློ་བཟང་ཚེ་རིང་གིས་མདུན་ཤོས་སུ་བསྐྱོད་ནས་ཕྱོཌ་གཅིག་ནས་བཀོད་འདོམས་བྱས་པ་དང་། ཕྱོཌ་གཞན་ཞིག་ནས་འཕྲལ་རྒོལ་རུ་ཁག་གི་རུ་མི་ཚོར་སྲུང་སྐྱོབ་བྱས་པ་རེད།

སྒྲོལ་ཡོན་འཕྲིན་ལས་ཀྱིས་གདུག་རྩུབ་ཆེན་པོས་གཉེན་ཉེ་ཚོ་ཐོག་ཁར་བསྐྱོད་དུ་བཅུག་སྟེ་ཉེན་རྟོག་པའི་དོ་སྣང་བྱ་ཡུལ་དུ་བསྒྱུར་རྒྱུའི་རེ་ངན་བཅངས། ཉེས་མེད་ཚོར་རྨས་སྐྱོན་མི་ཕོག་པའི་ཆེད་བློ་བཟང་ཚེ་རིང་གིས་འཕྲལ་མར་མེ་མདའ་རྒྱག་མི་ཆོག་པའི་བཀའ་བཏང་། བློ་བཟང་ཚེ་རིང་གིས་སླར་ཡང་ཉེས་ཅན་པར་མགོ་བཏགས་ཞུ་དགོས་པའི་ཁ་ཏ་བསླབ་བྱ་བྱེད་སྐབས། “མཁར་རྫོང”ནང་གི་མེ་མདའི་ཁ་ཏག་ཏག་ཁོང་ལ་གཏད་ཟིན་པས་བློ་བཟང་ཚེ་རིང་ཁྲག་དམར་ཁྲོད་དུ་འགྱེལ་བ་རེད།

བློ་བཟང་ཚེ་རིང་ཚེ་སྲོག་ཤོར་བས་རུ་མི་ཚོ་ཁོང་ཁྲོའི་མེ་ལྕེ་རབ་ཏུ་འབར་ནས་ཁོང་ཚོས་སླར་ཡང་འཐབ་རྩོད་རུ་ཁག་བཙུགས་ཏེ་བཙན་ཤེད་ཀྱིས་སྒོ་བཅག་ནས་འཛུལ་ཏེ་བུད་མེད་དང་བྱིས་པ་9བསྐྱབས་པ་རེད། འཐབ་རྩོད་ཁྲོད་འགེབས་སྲུང་བྱེད་མཁན་ལས་བྱེད་ཉེན་རྟོག་པ་ཉི་མ་བཀྲ་ཤིས་དང་བློ་བཟང་ཡེ་ཤེས་གཉིས་ལའང་སྟབས་མི་ལེགས་པར་མེ་མདའ་ཕོག་ནས་ཚེ་སྲོག་ཤོར་བ་རེད། སྒྲོལ་ཡོན་འཕྲིན་ལས་སོགས་པ་ཛ་དྲག་ཆེ་བའི་འཐབ་འཛིང་ཁྲོད། “མཁར་རྫོང”དང་མཉམ་དུ་རྩ་མེད་དུ་ཕྱིན་པ་རེད།

ཡུལ་ཕྱོགས་གཅིག་གི་བདེ་འཇགས་སྲུང་ཆེད། ཉེས་ཅན་དང་དམར་འཛིང་མཐར་ཕྱིན་པ་བྱེད་མཁན་དཔའ་བོ་3མདའ་དམར་ལའི་འོག་ཏུ་འཇིག་རྟེན་འདི་ནས་ནམ་ཡང་ཁ་བྲལ་པ་རེད།

1995ལོའི་ཟླ་4ཚེས་5ཉིན། སྤྱི་བདེ་པུས་བློ་བཟང་ཚེ་རིང་དང་། ཉི་མ་བཀྲ་ཤིས། བློ་བཟང་ཡེ་ཤེས་བཅས་ལ་རིམ་པ་དང་པོའི་དཔའ་བོ་དཔེ་བཟང་བའི་མཚན་སྙན་རྗེས་སྤྲོད་བྱས་པ་དང་། བོད་ལྗོངས་ཆབ་མདོ་ས་ཁུལ་སྤྱི་བདེ་ཁྲུའི“1·12”དམིགས་བསལ་བྱ་སྤྱོད་ཡན་ལག་རུ་ཁག་ལ་མཉམ་སྡེབ་ཀྱི་བྱས་རྗེས་རིམ་པ་དང་པོ་བཀོད་པ་རེད།

ལོ་20ལྷག་ཙམ་སོང་ཡོད་རུང་། དྭངས་གསལ་དུས་ཚིགས་སླེབས་རིམ་བཞིན་ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ལས་བྱེད་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ། ཆབ་མདོ་གྲོང་ཁྱེར་གྱི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་བསྐྱོད་དེ་སྔོན་གཤེགས་དཔའ་བོ་3ལ་མེ་ཏོག་ཕུལ་བ་དང་མཆོད་འབུལ་བྱས་ཏེ་ཁོང་ཚོའི་འོད་སྟོང་འཕྲོ་བའི་བྱས་རྗེས་ལ་རྗེས་དྲན་བྱེད་པ་དང་སྦྲགས་སྔོན་གཤེགས་དཔའ་བོའི་བང་སོའི་མདུན་དུ་མཉམ་དུ་དམ་བཅའ་འཇོག་གི་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།