—— ལྷ་ས་གྲོང་ཁྱེར་གྱི་སྤྱི་པའི་རིག་གནས་ཞབས་ཞུའི་བཀྲག་མདངས་འཚེར་ས་གསར་པའི་སྐོར་རགས་ཙམ་བཀོད་པ།
དཔེ་མཛོད་ཁང་དུ་དཔེ་དེབ་ཀྱི་རྒྱ་མཚོར་རོལ་བ་དང་། སྡེ་ཁུལ་གྱི་རིག་གནས་ཞབས་ཞུའི་ལྟེ་གནས་སུ་ཡིག་གཟུགས་དང་རོལ་ཆ་སྦྱོང་བ། རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་རིག་གནས་དམངས་ཕན་འཁྲབ་སྟོན་ལ་ལྟ་བ་སོགས་ཡིད་འོང་ཉམས་དགའ་དང་། སྲོལ་རྒྱུན་དང་དེང་རབས། གྲོང་ཁྱེར་དང་གྲོང་གསེབ་བཅས་གཅིག་གྱུར་དམ་ཟབ་སོགས་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་ནས་ལྷ་ས་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྤྱི་པའི་རིག་གནས་ཞབས་ཞུའི་རྣམ་པ་གསར་པ་མངོན་བཞིན་ཡོད།
ལྷ་སའི་འགྲེམས་ཁང་ནི་གྲོང་ཁྱེར་དང་ས་ཁུལ་ཁག་གི་འགྲེམས་ཁང་ཨང་དང་པོའི་ངོས་ནས། རིག་གནས་ཀྱི་ལྷ་ས་དང་། ཡུལ་སྐོར་གྱི་ལྷ་ས། བདེ་ཐང་གི་ལྷ་ས་བཅས་ཁག་གསུམ་ལ་ཕྱེ་ཞིང་། འབྲི་གཡག་རྟེན་རྫས་བཤམས་མཛོད་ཁང་གིས་ཉེ་འཁོར་གྱི་སློབ་གྲྭ་དང་མཉམ་དུ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལག་ལེན་བྱེད་སྒོ་ཐེངས་མང་སྤེལ་ནས་སློབ་གྲྭ་འབྲིང་ཆུང་གི་སློབ་མས་མཚོ་བོད་ས་མཐོ་ཧྲིལ་པོའི་ལོ་རྒྱུས་དང་རིག་གནས་རྟོགས་ཤུགས་ཆེ་རུ་ནུས་ལྡན་བཏང་བ་དང་ཆབས་ཅིག མཐོང་རྒྱ་དང་ཤེས་རྒྱ་ཆེ་རུ་བཏང་ཡོད་པ་རེད།
འགྲེམས་ཁང་སྒོ་ཕྱེ་བ་ནས་བཟུང་། ཐབས་ལམ་སྣ་ཚོགས་དང་། བརྗོད་དོན་ཁ་གསལ། སྣ་མང་ཕུན་སུམ་ཚོགས་པ་བཅས་ཀྱི་རིག་གནས་བརྒྱུད་བསྒྲགས་བྱེད་སྒོ་ཆེ་གྲས་མང་པོ་སྤེལ་བ་དང་། ལྷག་དོན་དུ“5·18”རྒྱལ་སྤྱིའི་རྟེན་རྫས་བཤམས་མཛོད་ཁང་ཉིན་མོར་བྱེད་སྒོ་རབ་དང་རིམ་པ་སྤེལ་རིང་། རིག་གནས་ཀྱི་རྣམ་པ་མི་འདྲ་བར་བརྟེན་ནས་འབྲི་གཡག་རྟེན་རྫས་བཤམས་མཛོད་ཁང་གི་མཚན་སྙན་གྲགས་ཆོད་ཚད་དང་། ཡིད་དབང་འགུག་ཤུགས་ཆེ་རུ་ནུས་ལྡན་བཏང་ཡོད་པ་རེད།
སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། ཏང་དང་རྒྱལ་ཁབ་ཀྱིས་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་ལ་མཐོང་ཧ་ཅང་ཆེན་པོ་གནང་ཞིང་། 2006ལོའི་ཟླ་5པར། ལྷ་སའི་ཞོ་སྟོན་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་མིང་གཞུང་ཁག་དང་པོར་བཅུག་པ་རེད། ལོ་བཅུ་ལྷག་ཙམ་རིང་། ཞོ་སྟོན་ལ་སྔ་རྗེས་སུ“ཀྲུང་གོའི་དུས་ཆེན་ཆེ་གྲས་བཅུ”དང་། “ཀྲུང་གོའི་ཡིད་དབང་འཕྲོག་པའི་དུས་ཆེན་དང་རྟེན་འབྲེལ་གྱི་བྱེད་སྒོ་ཆེ་གྲས་བཅུ” “ཀྲུང་གོའི་དུས་ཆེན་དང་རྟེན་འབྲེལ་སྤུས་རྟགས་ཆེ་གྲས་བཅུ” “རྒྱལ་སྤྱིའི་ཤུགས་རྐྱེན་ཆེ་ཤོས་ཀྱི་དུས་ཆེན་དང་རྟེན་འབྲེལ་གྱི་བྱ་དགའ”སོགས་གཟི་བརྗིད་མཚན་སྙན་100ལྷག་ཙམ་ཐོབ་ཡོད་པ་རེད།
ལྷ་མོ་འཁྲབ་པ་ནི་ཞོ་སྟོན་གྱི་བྱེད་སྒོ་སྤེལ་རིང་གི་དོན་ཆེན་ཞིག་ཡིན་པའི་ཆ་ནས། ལྷ་ས་གྲོང་ཁྱེར་གྱིས་ལོ་ལྟར་ལྗོངས་ཡོངས་ཀྱི་ཁྲོད་ནས་ཕུལ་བྱུང་ལྷ་མོའི་རུ་ཁག་ནོར་བུ་གླིང་གར་གཉེར་བའི་ལྗོངས་ཡོངས་ཀྱི་ལྷ་མོའི་འགྲན་བསྡུར་ཆེ་མོ་དང་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་གཉེར་བའི་ལྗོངས་ཡོངས་ཀྱི་ལྷ་མོ་འགྲེམས་འཁྲབ་བྱེད་སྒོར་ཞུགས་སུ་བཅུག་ནས། རྒྱ་ཆེའི་གྲོང་མིའི་བསམ་པ་དང་རིག་གནས་ཀྱི་དགོས་མཁོ་སྐོང་གང་ཐུབ་བྱས་ཏེ་རྒྱ་ཆེའི་མང་ཚོགས་ཀྱི་ལས་ཞོར་རིག་གནས་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་བཏང་བས། ཚད་གཞི་ངེས་ཅན་ཞིག་ནས་དམིགས་བསལ་ཁྱད་ཆོས་ལྡན་པ་དང་། ཤུགས་རྐྱེན་རྒྱ་ཁྱབ་ལྡན་པའི་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྤུས་རྟགས་གྲུབ་ཡོད་པ་རེད།
2012ལོའི་ཟླ་11པར། ལྷ་ས་གྲོང་ཁྱེར་གྱིས་དངོས་ལྗོངས་ཟློས་གར《འུན་ཤིང་ཀོང་ཇོའི》རྣམ་གྲངས་ལག་བསྟར་གྱི་ལས་དོན་དངོས་སུ་སྤེལ་འགོ་ཚུགས་ཤིང་། རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་7.8བཏང་བ་དང་། ས་ཁྱོན་མུའུ་290ཟིན་པ། འཁྲབ་སྟོན་མི་སྣ་700ཙམ་ཟིན་ཞིང་། ལྟད་མོ་བ་3900ལྷག་ཙམ་ཤོང་གི་ཡོད། རང་སྐྱོང་ལྗོངས་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་དང་མཐོང་ཆེན་འོག དངོས་ལྗོངས་ཟློས་གར《འུན་ཤིང་ཀོང་ཇོའི》རྣམ་གྲངས་དུས་ཐུང་ཟླ་བརྒྱད་རིང་མགྱོགས་མྱུར་སྐྲུན་མཇུག་བསྒྲིལ་བ་དང་ཆབས་ཅིག 2013ལོའི་ཟླ་8ཚེས་1ཉིན་དངོས་སུ་འཁྲབ་སྟོན་བྱེད་སྒོ་ཚུགས་པ་རེད།
མིག་སྔའི་བར། འཁྲབ་སྟོན་ཁྱོན་ཐེངས་692བྱས་པ་དང་ཡུལ་སྐོར་བ་མི་ཐེངས་ཁྲི་125ལྷག་ཙམ་ལ་སྣེ་ལེན་ཞུས་ཤིང་། དངོས་ལྗོངས་ཟློས་གར《འུན་ཤིང་ཀོང་ཇོ》འཁྲབ་པ་བརྒྱུད། ལྷ་ས་གྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་གྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་པ་དང་དུས་མཚུངས། འཁྲབ་སྟོན་མི་སྣ་དང་འཁྲབ་ཆས་གཡོར་བ་སོགས་ཀྱི་བྱ་ཐབས་བརྒྱུད། ས་གནས་དེ་གའི་མང་ཚོགས་ལ་ལས་ཞུགས་ལས་གནས་མང་པོ་མཁོ་འདོན་ཐུབ་ཡོད། དེ་དང་ཆབས་ཅིག་ཞིང་པས་ལས་ཀ་བྱེད་པ་དང་འཕྲུལ་ཆས་བོགས་མར་བཏང་བ་བརྒྱུད། འབབ་འཕར་སྒོར་ཁྲི་1300བྱུང་བ་དང་། རླངས་འཁོར་ཡོད་པའི་དུད་ཚང་ཚང་མར་ཆ་སྙོམས་འབབ་འཕར་སྒོར་ཁྲི་18བྱུང་བ། གྲོང་ཚོ་དེའི་དུད་ཚང་ལ་ཆ་སྙོམས་འབབ་འཕར་སྒོར་ཁྲི་4ལྷག་ཙམ་བྱུང་བ། མི་རེའི་ཆ་སྙོམས་འབབ་འཕར་སྒོར་ཁྲི་1.2ལྷག་ཙམ་ཟིན་ཡོད་པ་རེད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
སྤྱི་པའི་རིག་གནས་ཀྱིས་དམངས་ལ་ཕན་པ་དེ་བས་མང་བ་བསྐྲུན་པ།