བདེ་སྡོད་ལས་བརྩོན་བདེ་སྐྱིད་འཚོ་བ་སྐྱིད། ཕ་ཡུལ་མཛེས་ལ་ཕྱུག་པོའི་ལམ་བུ་བཟང་།

—— མངའ་རིས་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ཕྱོགས་བསྡུས་སྒྲིལ་གླེང་།

བདེ་སྡོད་ལས་གྲྭ་དེ་ས་ཕག་གི་སྡོད་ཁང་ནས“མེ་ཏོག་ལྡུམ་ར་ལྟར་གྱི་སྡོད་ཁང་གསར་པར”གྱུར་པ།

2016ལོ་ནས་བཟུང་མངའ་རིས་ས་ཁུལ་གྱིས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཁྲོད་ལྟེ་བའི་གྲོང་ཚོ་དང་། གྲོང་ཁྱེར་དང་གྲོང་རྡལ་ཆུང་ངུ་། རྒྱལ་ཁབ་དང་ཞིང་ཆེན་ལམ་བུ། ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་ལམ་རྒྱུད། ཐོན་ལས་གླིང་དང་རྫོང་གྲོང་གི་ས་ཁོངས་རིགས་དྲུག་བཅས་ལ་དམ་པོར་བརྟེན་པ་དེ་ཐོན་ལས་འཕེལ་རྒྱས་དང་། སྣོད་བཅུད་འཛུགས་སྐྱོང་། གནོད་འཚེ་འགོག་པ་བཅས་ཀྱི་བླང་བྱ་དང་མཐུན་ཡོད་ལ་བཀོད་སྒྲིག་བྱ་ཡུལ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དགོས་མཁོ་བསྐངས་བའི་སྔོན་འགྲོའི་ཆ་རྐྱེན་འོག་ཚན་རིག་དང་མཐུན་པའི་ངང་བཀོད་སྒྲིག་བྱ་ཡུལ་30བཀོད་སྒྲིག་བྱས་པ་དང་ཁྱོན་མ་དངུལ་སྒོར་དུང་ཕྱུར་9.7བཏང་སྟེ་དུད་ཚང་2089ཡི་མི་7786ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས་ཡོད། 2018ལོའི་ལོ་མཇུག་བར་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་8.97བཏང་བ་དང་བཀོད་སྒྲིག་བྱ་ཡུལ་30ཚང་མའི་འཛུགས་སྐྲུན་ལེགས་གྲུབ་ཟིན་པ་རེད།

གསར་འགོད་པ་དང་བཅས་པ་རླངས་འཁོར་བཏང་ནས་རུ་ཐོག་རྫོང་ལྕགས་སྒང་གྲོང་ཚོར་ཡོང་སྐབས་མདའ་གཡབ་དམར་པོ་དང་གྱང་དཀར་པོའི་བོད་བཟོའི་སྡོད་ཁང་སྟར་པ་རེ་རེ་རྩྭ་ཐང་ཐོག་གནས་པ་དང་དུད་ཚང་མི་རེ་ངོ་རེའི་ཐོག་ཁར་སྐར་ལྔའི་དར་དམར་བཙུགས་པ་མ་ཟད།ཁོད་སྙོམས་པའི་ཨར་འདམ་ལམ་ཕྱོགས་བཞི་མཚམས་བརྒྱད་ལ་ཁྱབ་པ་དང་སྡོད་ཁང་རྒྱབ་མདུན་དུ་རྩྭ་རྩི་ཤིང་མང་པོ་བཏབ་ཡོད་པར། གྲོང་མི་ཁག་གཅིག་གིས་སྤང་ལ་ཆུ་གཏོང་བ་དང་ཁག་གཅིག་གིས་ལུས་རྩལ་ཐང་དུ་ལུས་རྩལ་རྩེ་བཞིན་ཡོད་པ་མཐོང་བྱུང་།

ལྕགས་སྒང་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་དམ་ཆོས་བཟང་པོས“དེ་སྔོན་གྲོང་ཚོར་ཚང་མ་ས་ཕག་སྡོད་ཁང་དང་ས་རྡོའི་ལམ་ཡིན་པས་རླུང་ལངས་ཚེ་བྱེ་རྡུལ་གྱིས་ཁེངས་ཀྱི་ཡོད། གནམ་དྭངས་རྗེས་ལུས་པོར་ཐལ་བ་དང་ཆར་དུས་སུ་འདམ་པས་ཁེངས། ད་ཆ་སྡོད་ཁང་གསར་པ་མེ་ཏོག་ལྡུམ་ར་ལྟར་ཡིན་པས་ཏང་དང་སྲིད་གཞུང་ལ་དངོས་གནས་ཐུགས་རྗེ་ཆེ་ཞུ་གི་ཡིན”ཞེས་ཕྱིར་དྲན་བྱེད་བཞིན་དུ་བཤད།

ད་ཆ་དམ་ཆོས་བཟང་པོས་རང་གི་བུ་ཚོ་དང་མཉམ་དུ་མཐའ་མཚམས་ཡག་པོ་སྲུང་བ་དང་གྲོང་ཚོའི་མང་ཚོགས་ཡོངས་ཀྱི་སྣེ་ཁྲིད་དེ་དབུལ་སྒྲོལ་ཕྱུག་འགྱུར་དང་འབྱོར་འབྲིང་ཕྱོགས་སུ་སྐྱོད་པར་དེ་བས་སྣང་ཆེན་བྱེད་ཀྱི་ཡོད། ཁོ་ཚོའི་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མིའི་སྣེ་ཁྲིད་དང་གྲོང་མི་ཡོངས་ཀྱི་ཐུན་མོང་འབད་བརྩོན་འོག མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་གོ་སྐབས་སུ་བྱས་ནས། གྲོང་ཚོར་ད་དུང་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་བཏང་སྟེ་རླངས་འཁོར་འཁྲུ་ས་དང་། བྱེ་རྡོ་ར་བ། སྡོང་ཕྲུག་རྟེན་གཞི། ཞིང་འབྲོག་པའི་ཨར་ལས་རུ་ཁག་སོགས་དཔལ་འབྱོར་མཉམ་ལས་རྩ་འཛུགས་4བཙུགས་པ་མ་ཟད། མང་ཚོགས་ཀྱིས་སྐྱེལ་འདྲེན་དང་འདོན་འཇུག་འཕྲུལ་འཁོར་ཆེ་ཆུང་སྣ་ཚོགས་200ལྷག་ཙམ་ཉོས་ཡོད། 2018ལོར་ལྕགས་སྒང་གྲོང་ཚོར་ཡོང་འབབ་སྒོར་ཁྲི་100བྱུང་ནས་གྲོང་ཚོ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1ལྷག་ཙམ་ཟིན་ཏེ་གྲོང་ཚོ་ཡོངས་དབུལ་སྒྲོལ་ཐུབ་ཡོད།

ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་གྱིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལས་དོན་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་མཐའ་འཁྱོངས་རྩི་བ་དང་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དང་རྗེས་མཐུད་ཀྱི་རོགས་སྐྱོར་གྱི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད། ཉེ་བའི་ལོ་གསུམ་རིང་། ས་ཁུལ་ཡོངས་ཀྱིས་རིམ་རྩིས་བྱས་ན། མི་འབོར་དབུལ་པོ་དུད་ཚང་4418ཀྱི་མི་གྲངས་16212ཉུང་དུ་ཕྱིན་པ་དང་མི་འབོར་དབུལ་པོ་2015ལོའི་ལོ་མཇུག་གི་དུད་ཚང་6285ཡི་མི་གྲངས་22948ནས་2018ལོའི་ལོ་མཇུག་བར་དུད་ཚང་1867གྱི་མི་གྲངས་6736བར་ཉུང་དུ་ཕྱིན་ཡོད། དབུལ་པོ་ཐོན་ཚད་28.3%ནས་8.3%བར་ཆག་ཡོད། མི་འབོར་དབུལ་པོ་གཏན་འཁེལ་ལུས་ཚད་2%མན་བར་ཚོད་འཛིན་བྱས་པ་དང་མི་འབོར་དབུལ་པོ་གཏན་འཁེལ་ནོར་ཚད་2%མན་བར་ཚོད་འཛིན་བྱས་ནས་མང་ཚོགས་བློ་ཡིད་ཚིམ་ཚད་97%ཡན་ཟིན་གྱི་ཡོད། 2018ལོར་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་10868ཟིན་པ་དེ་2015ལོ་དང་བསྡུར་ན། སྒོར་2965འཕར་བ་དང་ལོ་རེར་ཆ་སྙོམས་འཕར་ཚད་11.2%ཟིན་གྱི་ཡོད། དེའི་ནང་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་16%ཡན་རྒྱུན་འཁྱོངས་ཐུབ་ཡོད། གྲོང་ཚོ(གྲོང་ལྷན)85གྲོང་ཚོ་དབུལ་པོའི་གྲས་ནས་དོན་པ་དང་རྫོང་དབུལ་པོ་4ཡི་དབུལ་ཞྭ་ཕུད་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

ལས་ལ་བརྩོན་ནས་ཆར་ཆུ་སྒུག་པའི་སྣང་ཚུལ་མེད་པར་བཟོས་པ།

སེང་གེ་ཁ་འབབ་ཀྱི་འགྲམ་དང་བྱ་རྒོད་ལའི་གཤམ་དུ་གྲོང་རྡལ་གསར་པ་ཞིག་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་འགོ་ཚུགས་བཞིན་ཡོད།

སེང་གེ་ཁ་འབབ་གྲོང་རྡལ་ཁམས་བདེ་ཁུལ་གསར་2པའི་སྟར་པ་33གྱི་སྒོ་རྟགས་3པའི་ལོ་51ལ་སླེབས་པའི་ཆོས་དར་རང་ཁྱིམ་གྱི་ཚོམས་ཆེན་དུ་ཇ་བསྲུབས་མ་ཚ་སོབ་སོབ་ཅིག་འཐུང་བཞིན་ཡོད།

ལོ་ཤས་གོང་རང་ཉིད་ཀྱིས་ད་ལྟའི་འཚོ་བ་འདི་འདྲ་སྐྱེལ་ཐུབ་པ་ཆོས་དར་གྱི་རྨི་ལམ་ལའང་གཏོང་མྱོང་མེད། 2016ལོའི་གོང་ཆོས་དར་ནང་ཚང་སྒེར་རྩེ་རྫོང་འོ་མ་ཤང་རྟ་རབ་གྲོང་ཚོའི་གྲོང་མི་ཞིག་ཡིན་པ་དང་ཕྱུགས་འཚོས་ནས་འཚོ་བ་སྐྱེལ་གྱི་ཡོད། ཁོང་གི་བཟའ་ཟླ་མཚམས་གཅོད་སྒྲོལ་མར་མཁལ་མའི་ནད་ཕོག་ནས་ལོ་20ལྷག་ཙམ་འགྲོ་གི་ཡོད། འབྲོག་ར་ནས་རྫོང་སྨན་ཁང་དུ་ནད་ལྟ་བར་སྐྱོད་སྐབས། སྤྱི་ལེ་100ལྷག་ཙམ་འགྲོ་དགོས་ཀྱི་ཡོད། “2012ལོར་ངའི་ཁྱིམ་གྱི་ལུག་གིས་དུག་རྩྭ་བཟས་ཏེ་ལུག་80ལྷག་ཙམ་ཤི་སོང་བས། གྱོང་གུན་སྒོར་ཁྲི་10ལྷག་ཙམ་ཕོག་བྱུང་། སྐབས་དེ་དུས་གནམ་བརྡིབས་པ་ལྟ་བུའི་སྡུག་བསྔལ་བྱུང”ཞེས་གནས་སྤོས་མ་བྱས་གོང་གི་འཚོ་བ་ཕྱིར་དྲན་བྱེད་སྐབས། ཆོས་དར་གྱིས་ད་དུང་སེམས་སྡུག་བྱེད་བཞིན་བཤད།

ཁམས་བདེ་ཁུལ་གསར་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་གྱི་འཛུགས་སྐྲུན་རྣམ་གྲངས་ནི་མངའ་རིས་ས་ཁུལ་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་ཡུལ་གྱི་དཔེ་མཚོན་ལས་གྲྭ་དང་ལས་གྲྭ་རྩེར་སོན་ཞིག་ཡིན་ཞིང་། མི་རེར་ཆ་སྙོམས་སྨི་ངོས་གྲུ་25ལས་མ་འགལ་བའི་ཚད་གཞིར་བརྟེན་ནས་གནས་སྤོས་བཀོད་སྒྲིག་ཁང་པ་994བརྒྱབ་སྟེ་མི་400ལྷག་ཙམ་བཀོད་སྒྲིག་བྱེད་རྩིས་ཡོད་པ་རེད།

2016ལོའི་ཟླ་9པར་ཆོས་དར་གྱི་ཁྱིམ་ཁམས་བདེ་ཁུལ་གསར་གྱི་ཁང་པ་གསར་པར་སྤོས་ནས་འཚོ་བ་གསར་པ་སྐྱེལ་འགོ་ཚུཌ། བུ་རྒན་པ་སྤེན་པ་བཀྲ་ཤིས་བྱིས་པའི་ཕན་བདེ་ཁང་དུ་ལས་ཀ་བྱེད་བཞིན་ཡོད་པ་དང་ཟླ་རེར་གླ་ཆ་སྒོར་5000ཡས་མས་ཡོད། ཆོས་དར་གྱིས་གསོ་སྦྱོང་ལ་ཞུགས་རྗེས་ཁམས་བདེ་ཁུལ་གསར་དུ་སྤོས་ནས་བདེ་སྲུང་བ་ཞིག་བྱས། བུ་གཞོན་པ་ལྷག་པ་ནོར་བུ་ནི་ཟོག་སྐྱེལ་རླངས་འཁོར་གྱི་ཁ་ལོ་བ་ཞིག་ཡིན་ཞིང་། མཚམས་གཅོད་སྒྲོལ་མ་སྨན་ཁང་དུ་འགྲོ་སྐབས་ཀྱང་སྟབས་བདེ་པོ་ཆགས་པས། འཚོ་བ་སྐྱིད་པོ་ཞིག་སྐྱེལ་བཞིན་ཡོད་པས་ཆོས་དར་གྱི་ངོ་གདོང་ལས་དགའ་བའི་འཛུམ་མདངས་འཕྱུར།

ཁམས་བདེ་ཁུལ་གསར་དུ་གནས་སྤོས་རྗེས་མང་ཚོགས་དབུལ་པོ་མང་པོ་ཞིག་སྔོན་མའི་ཐོན་འབབ་ཉུང་བ་དང་རགས་ལས་རྗེས་ལུས་ཀྱི་སྲོལ་རྒྱུན་གྱི་ཞིང་འབྲོག་ལས་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་མཇུག་འགྲིལ་ནས་གྲོང་ཁྱེར་དུ་གནས་སྤོས་ཡོད། མི་རབས་ནས་མི་རབས་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་ཆར་རླུང་ལ་མ་འཛེམས་པར་རུ་བ་སྐྱས་སྤོའི་འཚོ་བ་རྒྱུན་འཛིན་བྱས་པ་ཕུད། ད་དུང་ལས་ཞུགས་ཧུར་ཐག་གམ་ཡང་ན་རང་བརྟེན་ལས་གཏོད་བྱས་ཏེ་མི་ཚེའི་སྒོ་མོ་གསར་རྐྱང་ཞིག་ཕྱེ་བ་དང་ཕྱུག་འགྱུར་གྱི་ཐབས་ལམ་གཞན་ཞིག་རྙེད་ཡོད།

ཁྱིམ་ཚང་འཆམ་ཞིང་ལས་ཀ་བརྟན་པས་འཚོ་བ་བདེ་ཞིང་སྐྱིད་པ།

ད་ལོའི་ཟླ་9ཚེས་29ཉིན། སྒར་རྫོང་བཀྲ་ཤིས་སྒང་ཤང་འདེམ་འཇོག་གྲོང་ཚོའི་ཚོགས་ཆུང་དང་པོའི་དུད་ཚང་25ཡི་གྲོང་མི་རྣམས་མ་དངུལ་སྒོར་ཁྲི་1891.76བཏང་བའི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོར་སྔ་རྗེས་སུ་སྤོས། གསར་དུ་བསྐྲུན་པའི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་སྡོད་ཁང་གི་ཚད་གཞི་མི་རེར་ཆ་སྙོམས་སྨི་ངོས་གྲུ་30ཡིན་པ་དང་ཡུལ་དེའི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་ཡོད། དེ་ནི་འདེམ་འཇོག་གྲོང་ཚོའི་མཐའ་སྲུང་མང་ཚོགས་ཀྱི་སྡོད་ཁང“རབས་ལྔ་པ”ཡིན་ཞིང་། ཁང་པ་རྙིང་པ་དང་ཁང་པ་གསར་པ་ནི་མེས་རྒྱལ་མཐའ་མཚམས་ཀྱི་འཕོ་འགྱུར་ཆེན་པོ་མཚོན་པའི་བསྡུས་ཤིག་དང་འདྲ་བར་དུས་རབས་ཀྱི་འཕོ་འགྱུར་རྗོད་བཞིན་མཆིས།

འདི་ནི་མངའ་རིས་ས་ཁུལ་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལས་གྲྭའི་བསྡུས་རིས་ཤིག་རེད།

ཉེ་བའི་ལོ་ཤས་རིང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་བརྒྱབ་ནས་རྒྱལ་ཁ་ལེན་ཆེད། མངའ་རིས་ས་ཁུལ་གྱིས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་37ནས་འགོ་ཚུགས་པ་དང་། དུད་ཚང་2000ལྷག་ཙམ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ཐུབ་པ་དང་མི་7000ལྷག་ཙམ་ཚང་མ་གནས་སྤོ་ཐུབ་པ་ལས། སྒར་དང་། རུ་ཐོག རྩ་མདའ། སྤུ་ཧྲེང་བཅས་རྫོང་4ཡིས་དབུལ་ཞྭ་བདེ་བླག་ངང་ཕུད་པ་དང་། འདི་ལོ་དགའ་སྐྱིད་དང་། སྒེར་རྩེ། མཚོ་ཆེན་བཅས་རྫོང་3ཡང་དབུལ་སྒྲོལ་ཞྭ་འཕུད་རེ་ཡོད།

མངའ་རིས་ས་ཁུལ་དུ་རྒན་གསོ་དང་སྨན་བཅོས་འགན་བཅོལ་ཁྱོན་ཡོངས་ལ་ཁྱབ་པ་དང་། འགན་བཅོལ་མི་འདྲ་བར་ཞུགས་མཁན་མི་ཐེངས་ཁྲི་21.8ཟིན་པ། གཅིག་སྡུད་བསྙེན་བཀུར་བྱ་ཡུལ་དུ་སྡོད་འདོད་ཡོད་པའི“འགན་ལེན་ལྔའི”རྒན་རྒོན་དང་དྭ་ཕྲུག་གསོ་ཉར་བྱེད་ཚད་100%ཟིན་ཡོད།

2018ལོར་མངའ་རིས་ས་ཁུལ་གྱི་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་98.45%ཟིན་པ་དང་བློ་ཡིད་ཚིམ་ཚད་99.22%ཟིན་ཡོད། མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་དང་བློ་ཡིད་ཚིམ་ཚད་ཆེ་རུ་ཤུགས་ཆེན་ཕྱིན་པ་དང་མངའ་རིས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་དང་ཐོབ་ཚོར་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།