ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཟླ11ཚེས1ཉིན་ནས་སང་ལོའི་ཟླ5ཚེས31ཉིན་བར། བོད་ལྗོངས་ཀྱི་ཐོབ་ཐང་ལག་ཁྱེར་ཁྱེར་ནས་ལྗོངས་ནང་ཁུལ་ཀྱི་གནམ་གྲུར་བསྡད་ན་སྤ་སེའི་རིན་གོང་དེ་ད་ལྟའི་སྤ་སེའི་རིན་གོང་ལས་བརྒྱ་ཆ30གཅག་རྒྱུ་རེད།
བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཞིབ་འཇུག་བྱས་པ་བརྒྱུད། ད་ལོའི་ཟླ11ཚེས1ཉིན་ནས་སང་ལོའི་ཟླ5ཚེས31ཉིན་བར། བོད་ལྗོངས་མཁའ་འགྲུལ་གྱི་ལྗོངས་ནང་ཁུལ་ཀྱི་འགྲུལ་སྐྱེལ་གནམ་གྲུའི་སྤ་སེའི་གོང་དམའ་རུ་གཏང་རྒྱུའི་གཏན་འཁེལ་བྱས་ཡོད་པར་བརྟེན། བོད་ཀྱི་ཐོབ་ཐང་ལག་ཁྱེར་ཁྱེར་ནས་ལྗོངས་ནང་ཁུལ་ཀྱི་གནམ་གྲུར་བསྡད་ན་སྤ་སེའི་རིན་གོང་དེ་ད་ལྟའི་སྤ་སེའི་རིན་གོང་ལས་བརྒྱ་ཆ30གཅག་རྒྱུ་རེད།
མིག་སྔར། ལྗོངས་ནང་ཁུལ་དུ་ལྷ་ས་ནས་མངའ་རིས་བར་དང་། ལྷ་ས་ནས་ཆབ་མདོའི་བར། ལྷ་ས་ནས་ཉིང་ཁྲིའི་བར་བཅས་མཁའ་ལམ་གསུམ་ཡོད། ལྷ་ས་ནས་མངའ་རིས་བར་གྱི་ད་ལྟའི་སྤ་སེའི་རིན་གོང་སྒོར2640ཡིན་པ་དང་། གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱས་རྗེས་སྒོར792གཅག་རྒྱུ་ཡིན་པས། སྤ་སེའི་རིན་གོང་སྒོར1848ལས་ཟིན་གི་མེད། ལྷ་ས་ནས་ཆབ་མདོའི་བར་གྱི་ད་ལྟའི་སྤ་སེའི་རིན་གོང་སྒོར1660ཡིན་པ་དང་། གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱས་རྗེས་སྒོར498གཅག་རྒྱུ་ཡིན་པས། སྤ་སེའི་རིན་གོང་སྒོར1162ལས་ཟིན་གི་མེད། ལྷ་ས་ནས་ཉིང་ཁྲིའི་བར་གྱི་ད་ལྟའི་སྤ་སེའི་རིན་གོང་སྒོར1450ཡིན་པ་དང་། གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱས་རྗེས་སྒོར435གཅག་རྒྱུ་ཡིན་པས། སྤ་སེའི་རིན་གོང་སྒོར1015ལས་ཟིན་གི་མེད།
བྱ་ཐབས་འདི་སྤྱོད་དོན་ནི་སྲིད་གཞུང་གི་སྤྱི་ཁོག་སྟངས་འཛིན་བརྒྱུད་ནས་བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་གྱི་གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། ལྗོངས་ཡོངས་ཀྱི་མཁའ་འགྲུལ་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་གཏང་རྒྱུར་སྐུལ་འདེད་བཏང་ནས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱུང་བའི་ཕན་བདེ་ལོངས་སྤྱོད་ཐུབ་པར་བྱ་རྒྱུ་ཡིན་ཞིང་། དམངས་སྤྱོད་མཁའ་འགྲུལ་གྱི་སྤ་སེའི་རིན་གོང་བཅགས་ནས་མང་ཚོགས་ལ་ཕན་བདེ་བསྐྲུན་ཏེ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཇེ་དྲག་ཏུ་གཏོང་ཆེད་ཡིན། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
བོད་ལྗོངས་མཁའ་འགྲུལ་གྱི་སྤ་སེའི་རིན་གོང་གཅག་རྒྱུ་རེད།