ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པར་རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་ནས་ཤེས་རྟོགས་བྱུང་བར། འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ་ལག་བསྟར་དོན་འཁྱོལ་གྱིས་བཟོ་ལས་གླིང་ཁུལ་གྱི་ཚན་རིག་དང་། ལྗང་མདོག ལེགས་བསྡུས། སྤུས་ཚད་མཐོ་པོའི་འཕེལ་རྒྱས་བཅས་ཚད་ལྡན་དུ་བཏང་ནས། བོད་ལྗོངས་ཀྱི་གསར་དར་བཟོ་ལས་ཅན་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན་གྱི་འཕེལ་རིམ་ལ་མགྱོགས་མྱུར་སྐུལ་འདེད་གཏོང་ཆེད། 《བོད་རང་སྐྱོང་ལྗོངས་ཀྱི་བཟོ་ལས་གླིང་ཁུལ་དོ་དམ་བྱེད་པའི་གནས་སྐབས་ལག་བསྟར་བྱེད་ཐབས(ཚོད་ལྟའི་ལག་བསྟར)》ཉིན་ཤས་གོང་བཏོན་ཞིང་། ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།
བྱེད་ཐབས་དེ་སྤྱིའི་རྩ་དོན་དང་། འཛུགས་པ་དང་རིམ་སྤོར། འགན་འཁྲི་གཙོ་བོ། ལྟ་སྐུལ་དང་དོ་དམ། འགན་ལེན་དང་བྱེད་ཐབས། ཞར་བྱུང་དོན་ཚན་བཅས་ཆ་ཤས་དྲུག་ཏུ་དབྱེ་ཡོད་པ་དང་། བཟོ་ལས་གླིང་ཁུལ་གྱི་ཚན་རྩལ་གསར་གཏོད་ནུས་པ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། སྤྱི་པའི་ཞབས་ཞུ་མ་ལག་བཅས་ཀྱི་ཐད་འབྲེལ་ཡོད་གཏན་འབེབས་བཟོས་ཡོད་པ་རེད།
ཁོར་ཡུག་སྲུང་སྐྱོང་བྱེད་པའི་ཐད། བྱེད་ཐབས་དེའི་ནང་བཟོ་ལས་གླིང་ཁུལ་འཛུགས་པར་ཐོན་ཁུངས་ཀྱི་ཆ་རྐྱེན་དང་ཐོན་ལས་རྨང་གཞི་ཟུང་འབྲེལ་བྱས་ཐོག་ས་གནས་དེ་གའི་སྣོད་བཅུད་ཁོར་ཡུག་གི་ཐེག་ནུས་དང་ཁྲོམ་རའི་དགོས་མཁོར་བསམ་བློ་གང་མང་བཏང་ནས། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་འཇུག་འཐུས་ཆ་རྐྱེན་ནན་པོ་བཟོ་བ་དང་། “མཐོ་བ་གསུམ”གྱི་རྣམ་གྲངས་ཐོན་ལས་གླིང་དུ་ཡོང་རྒྱུ་གཏན་འགོག་བྱེད་པ། ཐཱན་ཉུང་ཅན་དང་། རེས་འཁོར་ཅན། ལེགས་བསྡུས་ཅན་བཅས་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ། ཐོན་ཁུངས་མཉམ་སྤྱོད་དང་། སྙིགས་རོ་གཙང་སེལ། ཞབས་ཞུ་ཕན་ཆེ་བཅས་ཀྱི་སྤྱི་པའི་ལས་སྟེགས་འཛུགས་པ་བཅས་བྱས་ནས། གཅིག་གྱུར་གྱི་དོ་དམ་སྒྲིག་གཞི་བཙུགས་ནས་གཅིག་གྱུར་གྱི་དོ་དམ་དང་ཞབས་ཞུ་བྱེད་དགོས་ཞེས་ཁ་གསལ་བཏོན་ཡོད་པ་རེད།
རྩོམ་སྒྲིག་པ། ཀླུ་མོ་མཚོ།
བོད་ལྗོངས་ཀྱིས་བཟོ་ལས་གླིང་ཁུལ་དོ་དམ་བྱེད་ཐབས་བཏོན་པ།