གྲོང་གསེབ་ཀྱི་རྣམ་པ་མཛེས་སྡུག་ལྡན། མང་ཚོགས་ཀྱི་འཚོ་བ་བདེ་ཞིང་སྐྱིད།

—— ཉིང་ཁྲི་གྲོང་ཁྱེར་གྱིས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་བསྐྲུན་པའི་སྐོར་བཀོད་པ།    

ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་མཐའ་མཚམས་ས་ཁུལ་གྱི་འབྱོར་འབྲིང་གྲོང་ཚོའི་འཛུགས་སྐྲུན་འཆར་འགོད་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། གྲོང་ཁྱེར་ཡོངས་ཀྱི་མཐའ་མཚམས་སྲིད་འཛིན་གྲོང་ཚོ་141ཚང་མ་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་འཛུགས་སྐྲུན་འཆར་འགོད་ནང་བཅུག་པ་དང་ཁྱོན་མ་དངུལ་སྒོར་དུང་ཕྱུར37ཙམ་གཏོང་རྒྱུའི་འཆར་གཞི་བཏིང་ཡོད། ས་ཆ་དེ་དག་གི་ལམ་དང་། ཆུ། གློག འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་དང་། དམངས་ཀྱི་སྡོད་ཁང་སྒྱུར་བཀོད། སྒོ་ར་སྒྱུར་བཀོད། གྲོང་ཚོའི་རྣམ་པ་ལེགས་གཏོང་སོགས་བདེ་སྡོད་སྒྲིག་བཀོད་གཙོ་གནད་ཐོག་ལེགས་སུ་གཏོང་རྒྱུ་མ་ཟད། ས་གནས་དེ་གའི་མི་སེར་གྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་བཏང་ནས་རིག་གནས་དང་སྨན་བཅོས་སོགས་སྤྱི་པའི་ཞབས་ཞུའང་ལེགས་སུ་གཏོང་རྒྱུ་རེད། གསུམ་མོ་ཚལ་གྲོང་ཚོ་ནི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་མང་པོའི་ཁྲོད་ཀྱི་གྲས་ཤིག་རེད། མིག་སྔར་གྲོང་ཚོ་གའི་འཛུགས་སྐྲུན་རྣམ་གྲངས་ཚང་མ་ལེགས་གྲུབ་ཟིན་པ་དང་དུད་ཚང་29ཡི་གྲོང་མི་དགའ་དགའ་སྤྲོ་སྤྲོའི་ངང་སྡོད་ཁང་གསར་པར་སྤོས་ཡོད།

མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱེད་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་ཐོན་ལས་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི“ཕྱོགས་གཉིས་འཕེལ་རྒྱས”ལ་སྣང་ཆེན་བྱས་ཏེ། མཐའ་མཚམས་མི་སེར་གྱིས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བར་ལྕག་སྐུལ་ཧུར་ཐག་བྱས་པ་རེད།

ཉེ་བའི་ལོ་ཤས་རིང་། མཐའ་མཚམས་གྲོང་ཚོ་ཡིན་པའི་ཆུང་གླིང་གྲོང་ཚོས་གནས་ཡུལ་མཛེས་ལྗོངས་ཁུལ་དུ་མི་རིགས་ཀྱི་ཁྱད་ལྡན་ཡུལ་སྐོར་ཚོང་ཟོག་ཚོང་མཁན་ཚོགས་ཆུང་4བཙུགས་པར་ལོ་རེར་འབབ་འཕར་སྒོར་ཁྲི་50ལྷག་ཙམ་རག་པ་དང་དུད་ཚང་མི་རེ་ངོ་རེའི་ཞིང་འབྲོག་པར་ཡོང་འབབ་སྒོར་ཁྲི་1.8ལྷག་ཙམ་རག་ཡོད། མཛེས་ལྗོངས་ཁུལ་གྱི་ལེཌ་ཆར་བརྟེན་ནས་གྲོང་མི་ཡག་ཤག་གིས་ཀྱང་ཆེད་ལས་མཉམ་ལས་ཁང་འཛུཌ་རྒྱུའི་བསམ་བློ་བཏང་།  2015ལོར་ས་གནས་དེ་གའི་སྲིད་གཞུང་གི་ཤུཌ་ཆེའི་རྒྱབ་སྐྱོར་འོག ཁོ་མོས་གྲོང་ཚོའི་བུད་མེད་22ཀྱི་སྣེ་ཁྲིད་དེ་སྨན་གླིང་རྫོང་གནས་ཡུལ་ལྷོ་པ་ལུང་གཞུང་གི་ལྷོ་པའི་རས་འཐག་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུཌ་པ་རེད།

“མཉམ་ལས་ཁང་ཐོག་མར་འཛུགས་སྐབས་རྫོང་གིས་ང་ཚོར་རས་འཐག་འཕྲུལ་ཆས་དང་སྤུན་དོག་དཀོན་པའི་གནད་དོན་ཐག་གཅོད་བྱེད་རོགས་བྱས་བྱུང་ལ། རས་འཐག་ལག་རྩལ་རྒྱུན་འཛིན་པ་རྒན་གྲས་གདན་དྲངས་ནས་ང་ཚོར་རས་འཐག་ལག་རྩལ་དམར་ཁྲིད་བྱས་བྱུང་བས་ད་ཆ་ང་ཚོའི་མཉམ་ལས་ཁང་གིས་ཁ་དཀྲིས་དང་།  དངུལ་ཁུག སྟོད་ལྷེ།  པང་གདན། ཕོ་མོའི་གྱོན་ཆས་སོགས་ཚང་མ་བཟོ་ཡི་ཡོད། དེ་ལས་ང་ཚོར་ཡོང་འབབ་མང་པོ་རག་བྱུང་ལ་འཚོ་བའང་ཡག་པོ་སྐྱེལ་རྒྱུ་བྱུང”ཞེས་ཡག་ཤག་གིས་དགའ་སྤྲོའི་ངང་བཤད།

ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་ཐུགས་ཁུར་འོག མཐའ་མཚམས་གྲོང་ཚོའི་མང་ཚོགས་ཀྱི་འཚོ་བ་ཉིན་རིང་ལས་མ་འདས་པར་ཡག་ཏུ་སོང་བ་དང་མཐའ་མཚམས་མང་ཚོགས་ཀྱི་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་ཡོད།  ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་སུ་གནས་པའི་སྨན་གླིང་རྫོང་བམ་གྲོང་གྲོང་ཚོའི་གྲོང་མི་སྟོབས་རྒྱལ་ནི་རྒྱལ་གཅེས་འདུ་ཤེས་ཟབ་མོ་ལྡན་པའི་མཐའ་མཚམས་ཀྱི་སྐོར་གཡེང་བ་ཞིག་རེད། ཁོང་གི་ཉིན་རེའི་ལས་འགན་ནི་མཐའ་མཚམས་སུ་སྐོར་གཡེང་བྱ་རྒྱུ་དེ་རེད།  ཁོང་གིས་ང་ཚོའི་ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་ཏང་དང་རྒྱལ་ཁབ་ཀྱིས་གནང་བ་དང་ང་ཚོའི་རྐང་འོག་གི་ས་ཆ་ནི་ང་ཚོ་ཀྲུང་གོའི་ས་ཆ་ཡིན་པས་ང་ཚོ་ཙམ་མ་ཟད། ང་ཚོའི་མི་རབས་རྗེས་མས་ཀྱང་རྒྱལ་ཁབ་ཀྱི་མངའ་ཁོངས་ས་ཆར་སྲུང་སྐྱོང་དང་གཅེས་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པ་ཤེས་དགོས་ལ། རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་བཀའ་དྲིན་འཇལ་བ་དང་ཁྱིམ་གཞིས་སྲུང་སྐྱོང་བྱེད་དགོས། ད་ཆའི་བམ་གྲོང་གྲོང་ཚོར་གྲོང་མི་ཚང་མས་རང་ཉིད་ནི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་ཞིག་ལ་བརྩིས་ནས་སྐོར་གཡེང་དང་མཐའ་སྲུང་གི་འགན་འཁྲི་རང་འགུལ་ངང་འཁུར་གྱི་ཡོད་ཅེས་བཤད།

ད་ཆ་མཐའ་མཚམས་གྲོང་ཚོའི་སྡོད་ཁང་ལ་འགྱུར་ལྡོག་བྱུང་བ་མ་ཟད། གྲོང་ཚོའི་རྣམ་པ་དང་བསམ་པའི་དཔལ་ཡོན་སོགས་ལའང་འགྱུར་ལྡོག་ཆེན་པོ་བྱུང་ཡོད།  ཚང་མས་སེམས་ཤུགས་གཅིག་སྒྲིལ་ངང་ཁྱིམ་སྐྱོང་རྒྱལ་སྲུང་བྱས་ཏེ་འཕེལ་རྒྱས་ཀྱི་ཇུས་གཞི་འདིང་བ་དང་མཐའ་མཚམས་གྲོང་ཚོ་དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་འཛུགས་སྐྲུན་བྱེད་བཞིན་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།