རྩ་ཆེའི་རིག་དངོས་ཀྱི་བཀྲག་མདངས་བསྐྱར་དུ་འཚེར།

—— བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི་རིག་དངོས་བྱ་གཞག་ལ་ཐོབ་པའི་གྲུབ་འབྲས་སྐོར་བཀོད་པ།  

res01_attpic_brief.jpg  

ཡུལ་མིའི་སྡོད་ཁང་དང་། ཞིང་ཐང་། རི་ཀླུང་མཉམ་དུ་འདྲེས་པའི་རིག་གནས་ཡུལ་སྐོར་གྱི་ཕྱོགས་བསྡུས་ཕན་འབྲས་ལེགས་པའི་རྒྱལ་ཡོངས་ཀྱི་ཁག་བཞི་པའི་རིག་དངོས་སྲུང་སྐྱོང་ཚན་པ་དང་རྒྱལ་ཁབA4རིམ་པའི་མཛེས་ལྗོངས་ཁུལ་གྲྭ་ནང་རྫོང་གི་བསམ་ཡས་དང་དེའི་མཐའ་འཁོར་གྱི་ཡུལ་ལྗོངས་ཡིན་པ།

res04_attpic_brief.jpg

ཚོན་པས་བསམ་ཡས་དགོན་པའི་གྲྭ་ཤག་གི་ཚོན་ཉམས་བཟོ་བྱེད་བཞིན་པ།

གླེང་གཞི།

བོད་མི་རིགས་དང་བོད་ཀྱི་རིག་གནས་ཀྱི་འབྱུང་གནས་ལྷོ་ཁ་གྲོང་ཁྱེར་དུ་ད་ཆ་རིགས་ཁག་གི་རིག་དངོས་དང་ཤུལ་བཞག་མང་པོ་ཡོད་པས་རིག་དངོས་ཐོན་ཁུངས་ལྗོངས་ཡོངས་སུ་མང་ཤོས་ཀྱི་གྲས་རེད། ལྷོ་ཁ་གྲོང་ཁྱེར་གྱིས་རིག་དངོས་སྲུང་སྐྱོབ་ལས་དོན་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ནས“བོད་ཀྱི་འབྱུང་གནས”ཀྱི་རིག་གནས་སྤུས་རྟགས་ཧུར་ཐག་བཏོད་པ་དང་འབྲེལ། རིག་དངོས་ཀྱི་ཐོན་ཁུངས་མྱུར་སྐྱོབ་དང་། ཉམས་གསོ། བེད་སྤྱོད། ནུས་པ་འདོན་སྤེལ་བཅས་ཧུར་ཐག་བྱས་པ་བརྒྱུད།སྲུང་སྐྱོབ་བྱེད་རིང་འཕེལ་རྒྱས་དང་འཕེལ་རྒྱས་གཏོང་རིང་སྲུང་སྐྱོབ་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།

སྔར་ནས་བཟུང་། ལྷོ་ཁ་གྲོང་ཁྱེར་གྱིས“སྲུང་སྐྱོབ་གཙོ་བོ་དང་། མྱུར་སྐྱོབ་ཨང་དང་པོ། དོ་དམ་ལ་ཤུགས་སྣོན། བེད་སྤྱོད་ལུགས་མཐུན”བཅས་ཀྱི་རིག་དངོས་སྲུང་སྐྱོབ་ཀྱི་བྱེད་ཕྱོགས་གཙོ་བོར་བཟུང་ནས་སྲུང་སྐྱོང་དང་ཉམས་གསོ་བྱེད་སྐབས་མི་རིགས་ཀྱི་ཕུལ་བྱུང་རིག་གནས་དང་། སྒྱུ་རྩལ། རྩལ་ནུས་བཅས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་ལོ་རྒྱུས་ཀྱི་རྩ་ཆེའི་ཤུལ་བཞག་གིས་དུས་རབས་གསར་པར་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཛུགས་སྐྱོང་ལ་སླར་ཡང་བྱས་རྗེས་གསར་པ་འཇོག་ཐུབ་པ་བྱུང་ཡོད།

ཕྱོགས་ཡོངས་ནས་ཡོངས་བཤེར་དང་ཁ་འདེད་ཁུངས་གཏུགས་བྱས།

རིག་དངོས་སྲུང་སྐྱོབ་ལས་དོན་ཐད་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོབ་འདོད་ན་སྔོན་ལ་ཕྱོགས་ཡོངས་ནས་ཡོངས་བཤེར་དང་ཁ་འདེད་ཁུངས་གཏུགས་བྱས་ནས་རིག་དངོས་ཀྱི་མཐིལ་གསལ་པོ་རྟོག་པར་བྱེད་དགོས།

རིག་དངོས་ཡོངས་བཤེར་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་ཁུངས་དང་ལུང་འདྲེན་རྒྱུ་ཡོད་པ་དང་ཁུངས་བཙན་པའི་འགན་ལེན་བྱ་ཆེད། ལྷོ་ཁ་གྲོང་ཁྱེར་གྱིས་རིག་དངོས་རིགས་གཅིག་མཁས་ཅན་གདན་དྲངས་ཏེ་ཡོངས་བཤེར་རྐང་འཛིན་ལས་བྱེད་པར་གསོ་སྦྱོང་བྱས་ཤིང་། ལས་སྒོ་བྱང་ཆུང་པ་དང་བྱང་ཚད་མཐོ་བའི་ལས་བྱེད་པ་དང་ཤེས་ལྡན་པ་150སྒྲིག་འཛུགས་བྱས་ནས་རིགས་གཅིག་མཁས་ཅན་ཚོགས་པ་དང་འཐབ་ས་དང་པོའི་ཡོངས་བཤེར་རུ་ཁག་བཙུགས་ཏེ་རི་མཐོ་གཡང་གཟར་དང་། ཞིང་ས་རྩྭ་ཐང་། ཤང་གྲོང་རྡལ་དང་སྡེ་ཁུལ་བཅས་སུ་རིག་དངོས་ཡོངས་བཤེར་ལ་བསྐྱོད་པས་གྲོང་ཁྱེར་དེ་ཡོངས་ཀྱི་ཁོངས་གཏོགས་ཁུལ་དང་ཤང་གྲོང་རྡལ་དུ་ཡོངས་བཤེར་བྱེད་ཚད་100%ཟིན་ཡོད།

མིག་སྔའི་བར། ལྷོ་ཁ་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་16དང་། རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པ་108 རྫོང་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པ་199བཅས་ལ་མཐིལ་རྟོགས་བྱས་པ་དང་རིག་དངོས་ཐོ་འགོད་ཁྲི་1ལས་བརྒལ་ནས་སྤྱི་འབོར་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།

ཡོངས་བཤེར་བྱེད་སྐབས། སྤོ་རུང་རིག་དངོས་ཀྱི་བདེ་འཇགས་སྲུང་སྐྱོང་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་རིག་དངོས་ཚང་མར་ཐོ་དེབ་བཟོས་པ་དང་རིག་དངོས་དང་ཐད་ཀར་འབྲེལ་བ་ཡོད་པའི་མི་སྣར་གང་བྱུང་དུ་པར་མི་རྒྱག་པའི་གཏན་འབེབས་ནན་པོ་བྱས་ཏེ་རིག་དངོས་ཀྱི་བདེ་འཇགས་འགན་ལེན་གང་ལེགས་བྱས་ཡོད།

རིག་དངོས་ཡོངས་བཤེར་གྱི་རྨང་གཞིའི་ཐོག་ལྷོ་ཁ་གྲོང་ཁྱེར་གྱིས་རེ་ཞུ་བྱེད་པར་བརྟེན་ནས་སྲུང་སྐྱོང་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་རིག་དངོས་ཀྱི་རིམ་པ་དཔྱད་འདེམས་ལས་དོན་ལ་སྐུལ་འདེད་བཏང་ནས་རིག་དངོས་སྲུང་སྐྱོབ་ཚན་པ་14ཁག་བརྒྱད་པའི་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པར་རེ་ཞུ་བྱས་པས་ཡུམ་བུ་བརླ་མཁར་སོགས་ལོ་རྒྱུས་ཀྱི་གནའ་ཤུལ་གྲགས་ཅན“རྒྱལ་ཁབ་ཀྱི་མཆོག་ནོར”ནང་ཚུད་རེ་ཡོད།

རྣམ་གྲངས་འཛུགས་སྐྲུན་བྱས་ནས་བཀྲག་མདངས་སླར་ཡང་འཚེར་བར་བྱས།

རྣམ་གྲངས་ཆེ་མོ་ལས་ཤེས་དཔལ་ཆེ་མོ་དང་གཟུགས་བརྙན་ཆེ་མོ་མཚོན། ལྷོ་ཁ་གྲོང་ཁྱེར་གྱིས་ས་ངོས་ཀྱི་རིག་དངོས་འཕྲོས་ལུས་འདུ་འགོད་རྣམ་གྲངས་སྐྲུན་མགྱོགས་སུ་བཏང་བ་བརྒྱུད། གནའ་ཤུལ་ཆེ་མོ་སྔོག་འདོན་དང་། སྲུང་སྐྱོང་། ཉམས་གསོ་བཅས་འགག་གནད་སྒྲོལ་སར་བྱས་ཏེ་རིག་དངོས་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་དང་། རིམ་པ་སྤོར་བ། གྲུབ་འབྲས་ཐོན་པ་བཅས་ལ་སྐུལ་འདེད་བཏང་ཡོད། ཉེ་བའི་ལོའི་ནང་། ལྷོ་ཁ་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་4ལྷག་ཙམ་བཏང་ནས་གཙོ་གནད་རིག་དངོས་དང་ལོ་རྒྱུས་ཀྱི་རིག་གནས་ཤུལ་བཞག་40ཙམ་ལ་མྱུར་སྐྱོབ་རང་བཞིན་གྱི་སྔོག་འདོན་དང་། སྲུང་སྐྱོབ། ཉམས་གསོ་བཅས་ཀྱི་འདུ་འགོད་དང་དེ་བཞིན་འབྲེལ་ཡོད་ལེ་ལག་སྒྲིག་ཆས་འཛུགས་སྐྲུན་བྱས་པས། རིག་དངོས་འབོར་ཆེན་ལོ་རྒྱུས་ཀྱི་རྒྱ་མཚོའི་ཁྲོད་ནས་བཏོན་པ་དང་འབྲེལ་སྔོན་མའི་བཀྲག་མདངས་འཚེར་བ་བྱས་ནས་སླད་ཕྱིན་གྱི་རིག་གནས་ཡུལ་སྐོར་དང་། ཡི་གེ་མ་བྱུང་གོང་གི་ལོ་རྒྱུས་ཞིབ་འཇུག མི་རིགས་ཀྱི་རིག་གནས་རྒྱུན་འཛིན། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་བཅས་ལ་སྐར་ཁུར་དེ་བས་ཆེན་པོ་ཞིག་ཕྱེ་ཡོད།

བེད་སྤྱོད་ལུགས་མཐུན་བྱས་ནས་རིག་གནས་དང་ཡུལ་སྐོར་གཉིས་ཀར་ཕན་པ་བཏགས།

རིག་དངོས་སྲུང་སྐྱོབ་ཀྱི་དམིགས་ཡུལ་ནི་རིག་དངོས་ཀྱི་བདེ་འཇགས་འགན་ལེན་བྱ་རྒྱུ་གཅིག་པུ་མིན་པར་རིག་དངོས་ཀྱི་སྐྱེ་སྟོབས་དང་གསོན་ཤུགས་འཕེལ་བར་བྱ་རྒྱུ་དེ་ཡིན།

ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་ཡུལ་སྐོར་ཁྲོམ་ར་ཉིན་རེ་བཞིན་འཁྲུག་ཏུ་འགྲོ་བར་བརྟེན་ནས“སྲུང་སྐྱོབ་ཨང་དང་པོ་དང་གསར་སྤེལ་ཨང་གཉིས་པ”དང“ཚན་རིག་དང་མཐུན་པའི་ངང་གསར་སྤེལ་འོས་འཚམ་བྱས་ཏེ་ཕྱོགས་ཡོངས་ཀྱི་སྲུང་སྐྱོབ་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི”རྩ་དོན་མཐའ་འཁྱོངས་བྱས་ནས་རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་པས། རིག་དངོས་སྲུང་སྐྱོབ་དང་རིག་གནས་ཡུལ་སྐོར་གཉིས་ཀར་ཕན་པ་ཐོབ་ཡོད།

ད་ཆ་རིག་དངོས་བདེ་འཇགས་འགན་ལེན་བྱེད་པའི་རྨང་གཞིའི་ཐོག་ཐུམ་སྒྲིལ་དང་། འགྲེམས་སྟོན། ཡུལ་སྐོར་གསར་སྤེལ་བཅས་འོས་འཚམ་བྱས་པ་བརྒྱུད། ལྷོ་ཁ་གྲོང་ཁྱེར་གྱིས“བོད་མི་རིགས་ཀྱི་མེས་པོ་དང་བོད་ཀྱི་རིག་གནས་ཀྱི་འབྱུང་གནས”ཀྱི་མིང་བྱང་དེ་ཡག་པོ་བཏོད་ནས་རིག་སྟོན་ཡུལ་སྐོར་དེ་ལྷོ་ཁའི་ཡུལ་སྐོར་གྱི་སྟོབས་ཤུགས་གཙོ་བོར་འགྱུར་བར་སྐུལ་འདེད་བཏང་ཡོད།

དེས་མ་ཚད་རིག་དངོས་ལ་བརྟེན་ནས་ལོ་རྒྱུས་ཀྱི་རིག་གནས་ཤེས་བྱ་ཡོངས་བཤེར་དང་མི་རིགས་ཀྱི་དྲན་ཤེས་རྒྱུན་འཛིན་བྱེད་པའི་ནུས་པ་སྔར་བས་འདོན་སྤེལ་བྱས་ཏེ་རིག་སྟོན་ཡུལ་སྐོར་གྱི་སྐད་གྲགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་ཆེད། ལྷོ་ཁ་གྲོང་ཁྱེར་གྱི་རིག་དངོས་སྡེ་ཚན་གྱིས་རིག་དངོས་རྩེ་གྲ་པེ་ཅིང་དང་ཧོ་ཧྥེ་སོགས་ས་ཆར་འགྲེམས་སྟོན་ཧུར་ཐག་བྱས་པ་དང་ལྷོ་ཁ་གྲོང་ཁྱེར་རྟེན་རྫས་བཤམས་མཛོད་ཁང་གི་བཀོད་པ་འཆར་འགོད་ལས་དོན་གྲ་སྒྲིག་ཧུར་ཐག་བྱས་པས་ལོ་རྒྱུས་ཀྱི་རྩ་ཆེའི་རིག་དངོས་མི་སེར་དཀྱུས་མས་མཐོང་ཐུབ་པ་བྱུང་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།