རྒྱལ་གཅེས། བོད་དར། སློབ་བརྩོན། ལས་བཀུར།

—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་ངོ་དྲུག་ཅུ་འཁོར་བར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ ཏེ་ལོ་གཅིག་འཁོར་བའི་སྐོར་བཀོད་པ། (གཅིག)    

སྟོན་ཟླ་བཅུ་པའི་བོད་ལྗོངས་མི་རིགས་སློབ་ཆེན་གྱི་སློབ་གྲྭའི་ཕྱོགས་གང་སར་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་དགའ་སྟོན་རྟེན་འབྲེལ་གྱི་རྣམ་པས་ཁེངས་འདུག

མདུན་དུ་བསྐྱོད་པས་ན་དཔེ་མཛོད་ཁང་གསར་པའི་འགྲམ་དུ་སླེབས་པ་དང་དེ་གར“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས”ཞེས་བརྐོས་པའི“མཐུན་སྒྲིལ་གྱི་རྡོ་རིང”ཞིག་ཡོད་ཅིང་། འཁྲིས་སུ་སོང་ནས་ཞིབ་ལྟ་བྱས་པས་ན་རྡོ་རིང་གི་གཞོགས་གཅིག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་ངོ་དྲུག་ཅུ་འཁོར་བར་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་ཀྱང་ཡོད་པ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ལས་སློབ་གྲྭའི་སློབ་གཉེར་ལ་ཁ་ཕྱོགས་བསྟན་པ་དང་། སྒུལ་ཤུགས་ཆེན་པོ་བསྣན་པ། རྩ་བའི་གཞི་འཛིན་ས་མཁོ་འདོན་བཅས་བྱས་ཡོད། ལོ་གཅིག་སོང་རིང་། བོད་ལྗོངས་མི་རིགས་སློབ་ཆེན་གྱི་དགེ་སློབ་ཡོངས་ཀྱིས་རྣམ་པ་སྣ་ཚོགས་ལ་བརྟེན་ནས་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་པ་མ་ཟད། “རྟེན་འབྲེལ་འཕྲིན་ཡིག་སློབ་སྦྱོང་དང་། ཏང་གི་བཀའ་དྲིན་ཚོར་བ། འཕེལ་རྒྱས་ལ་སྐུལ་མ་གཏོང་བ”བཅས་ཀྱི་གཙོ་རྐང་དེར་དམིགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་གི་ཚན་རིག་དང་མཐུན་པའི་ནང་དོན་དང་དགོངས་དོན་གྱི་ངོ་བོར་བློ་རྩེ་གཅིག་སྒྲིམ་ངང་སློབ་སྦྱོང་དང་གོ་བ་བླངས་པ་རེད། 

ཐོག་མའི་བསམ་འདུན་མ་བརྗེད་པར་བསམ་བློའི་ཁ་ཕྱོགས་ལ་དམ་འཛིན་བྱས་པ།

“ཀྲུང་གོའི་ཕུགས་འདུན་ནི་རྒྱལ་ཁབ་ཀྱི་ཕུགས་འདུན་དང་། མི་རིགས་ཀྱི་ཕུགས་འདུན། རྒྱ་ཆེའི་གཞོན་ནུ་རྣམས་ཚུད་པའི་ཀྲུང་གོ་བ་ཀུན་གྱི་ཕུགས་འདུན་བཅས་ཡིན། ‘འདུན་མ་རྒྱ་ཆེ་ན་མནོག་ཆུང་གི་ལས་འདོར་ཐུབ’མི་ཚེའི་ཕུགས་བསམ་རྒྱལ་ཁབ་དང་མི་རིགས་ཀྱི་བྱ་གཞག་ནང་མཉམ་འདྲེས་ཐུབ་ན་གཞི་ནས་ཕྱིས་སུ་ལས་དོན་ཆེན་པོ་འགྲུབ་ཐུབ་……”ཟླ་10ཚེས་11ཉིན་གྱི་ཕྱི་དྲོར་བོད་ལྗོངས་མི་རིགས་སློབ་ཆེན་གྱི་སློབ་ཁང་C402ནང་དུ《མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་གནས་ལུགས་ཀྱི་སྤྱི་བཤད》སློབ་ཚན་འཁྲིད་བཞིན་ཡོད་པ་དང་སློབ་མ་རྣམས་ཀྱིས་བློ་རྩེ་གཅིག་སྒྲིམ་ངང་ཉན་བཞིན་འདུག

སློབ་ཚན་འཁྲིད་མཁན་དགེ་རྒན་ཆེ་མོ་ཚའོ་ཧྲུའེ་ཆུན་གྱིས་དཔེ་དེབ་ནང་གི་ཤེས་བྱ་སློབ་ཞོར་ཉེ་འགྲམ་གྱི་སློབ་མ་དང་བགྲོ་གླེང་བྱས་པས་སློབ་ཚན་ཧ་ཅང་འཁྲུག་ཆ་དོད་པར་གྱུར།

སློབ་གསེང་གི་སྐབས། དགེ་རྒན་ཆེ་མོ་ཚའོ་ཧྲུའེ་ཆུན་གྱིས“ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་སློབ་དེབ་དང་། སློབ་ཁང་། བསམ་བློ་བཅས་སུ་ཁྱབ་པར་བྱེད་པ་དང་དུས་མཚུངས་སློབ་ཁྲིད་ལག་ལེན་གྱི་བྱེད་སྒོ་བརྒྱུད་སློབ་མའི་རིགས་པའི་གཞུང་ལུགས་ཀྱི་མོས་སེམས་དང་། བརྩེ་དུང་གི་མོས་སེམས། བྱ་སྤྱོད་ཀྱི་མོས་སེམས་བཅས་ཟབ་ཏུ་བཏང་ཐོག སྤྱི་ཚོགས་རིང་ལུགས་བྱ་གཞག་ཐད་ཀྱི་ཚད་ལྡན་གྱི་འཛུགས་སྐྲུན་པ་དང་བློ་འགེལ་ཆོག་པའི་ཤུལ་འཛིན་པ་གསོ་སྐྱོང་བྱ་ཆེད་བསམ་བློའི་རྨང་གཞི་བརྟན་པོ་འདིང་བཞིན་ཡོད”ཅེས་གསར་འགོད་པར་བརྗོད་བྱུང་།

ལོ་གཅིག་སོང་རིང་། བོད་ལྗོངས་མི་རིགས་སློབ་ཆེན་གྱིས“བསམ་བློ་ཆབ་སྲིད་ཀྱི་སློབ་ཚན”ནས“སློབ་ཚན་གྱི་བསམ་བློ་ཆབ་སྲིད”བར་གྱི་སློབ་གསོ་སློབ་ཁྲིད་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་དེ་སློབ་གྲྭའི་སློབ་གསོ་སློབ་ཁྲིད་ཀྱི་བརྒྱུད་རིམ་ཡོངས་སུ་ཁྱབ་པ་དང་། དཔེ་ཁྲིད་མི་སྐྱོང་གི་ནང་དོན་དེ་སློབ་ཁང་སློབ་ཁྲིད་ཀྱི་བརྒྱུད་ལམ་གཙོ་བོར་དོན་འཁྱོལ། མི་སྣ་ཡོངས་དང་སློབ་ཚན་ཡོངས་ཀྱི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོའི་མ་ལག་འཛུགས་སྐྱོང་ཧུར་ཐག་བཅས་བྱས་ཏེ་སློབ་མར་ཕུགས་འདུན་ཆེ་བའི་འབད་བརྩོན་པ་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་པ་རེད།

དཔུང་པ་མཉམ་གཤིབ་ངང་མཐུན་སྒྲིལ་གྱི་མེ་ཏོག་བཞད་པར་བྱས་པ།

ཚེས་11ཉིན་གྱི་དགོང་མོར་རྣམ་ཀུན་དང་འདྲ་བར་མི་རིགས་ཞིབ་འཇུག་སློབ་གླིང་གི་ཉལ་ཁང་ཨང་6334ནས་བྱང་ཆ་ཆེ་བ་དང་དེ་ཙམ་མི་དག་པའི་བོད་སྐད་ཅིག་ཐོས་ཡོང་། སྒྲོལ་མ་བུ་ཁྲིད་དང་བསྟན་སྒྲོན་གྱིས་ལིའུ་ཞང་ནན་ལ་བོད་སྐད་སློབ་བཞིན་ཡོད་པ་དང་། ཡང་དང་བསྐྱར་དུ་ངང་རྒྱུད་རིང་པོས་ཁྲིད་ཀྱི་ཡོད་པ་རེད།

དེ་ནི་ཁྱད་ཆོས་ལྡན་པའི་ཉལ་ཁང་ཞིག་རེད། སློབ་མ་གསུམ་ནི་2017ལོའི་ལོ་རྒྱུས་རིག་པའི(དགེ་རྒན)ཆེད་ལས་སྦྱོང་མཁན་ཡིན་པ་དང་ཅིག་ཤོས་གསུམ་ནི་2017ལོའི་རིག་དངོས་དང་རྟེན་རྫས་བཤམས་མཛོད་ཁང་རིག་པའི་ཆེད་ལས་སྦྱོང་མཁན་རེད། སློབ་མ་དྲུག་པོ་ལས་ངོ་ཚ་སྨིན་པའི་བོད་རིགས་བུ་མོ་གཉིས་དང་། སྤྱང་གྲུང་དོད་པའི་མེའོ་རིགས་བུ་མོ་ཞིག གླུ་ལེན་གར་འཁྲབ་ལ་མཁས་པའི་དབའ་རིགས་བུ་མོ་ཞིག ད་དུང་བློ་སྟོབས་ཆེ་བའི་རྒྱ་རིགས་བུ་མོ་གཉིས་བཅས་ཡོད། ཁོང་ཚོ་ནི་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བ་ཡིན་ནའང་། དྲོ་སྐྱིད་ལྡན་པའི་ཉལ་ཁང་དེའི་ནང་ཉིན་ལྟར་སྙིང་ཉེ་བའི་སེམས་ཁུར་དང་འཚམས་འདྲི་ཡོད་པ་དང་། ཉིན་ལྟར་སྐྱིད་པའི་དགོད་སྒྲ་ཡོད། ཉིན་ལྟར་སློབ་སྦྱོང་ཐད་རོགས་རམ་བྱེད་པའི་ངང་ཚུལ་མཐོང་རྒྱུ་ཡོད།

“ན་ནིང་སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོའི་སློབ་གྲྭར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ་རེད། དེའི་ནང་འཁོད་པའི་མི་རིགས་མཐུན་སྒྲིལ་སྐོར་གྱི་ནང་དོན་ལ་མྱོང་ཚོར་ཟབ་མོ་བྱུང་། ང་ཚོའི་ཉལ་ཁང་ནང་ཕན་ཚུན་རོགས་རེས་དང་མཐུན་སྒྲིལ་བརྩེ་སེམས་ཡོད་པ་ནི་སོ་སོ་རང་ཉིད་ཀྱིས་བྱ་སྤྱོད་ཆུང་ཙག་ནས་མི་རིགས་མཐུན་སྒྲིལ་ལ་གཞོལ་བའི་མཚོན་ཚུལ་ཡིན”ཞེས་རྟེན་འབྲེལ་འཕྲིན་ཡིག་སྐོར་གླེང་སྐབས། ལིའུ་ཞང་ནན་གྱིས་དེ་ལྟར་བཤད།

ལས་གཏོད་ཧུར་ཐག་བྱས་ནས་འབད་འབུངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ།

ཚེས་12ཉིན་གྱི་དགོང་མོ། རིག་ལྡན་སྐར་མ་འཕྲུལ་མིའི་སློབ་གསོའི་སློབ་ཁང་དུ་འཁྲུག་ཆ་དོད་ཅིང་། སློབ་གསོ་སློབ་གླིང་སློབ་ཞུགས་གོང་གི་ལག་རྩལ་ཆེད་ལས་ཀྱི་ལོ་རིམ་གསུམ་པའི་སློབ་མ་ཀུའོ་ཙེང་ཧྥུང་གིས་གྲོགས་པོ་ཆུང་ཆུང་བཞིར“ད་ལྟ་ཤུད་འཁོར་དང་ཉ་ཆེན་རྨིགས་པའི་ཡ་རྐན་མཉམ་དུ་བསྒར་ན་ཁ་བཙུམས་ཐུབ”ཅེས་མངགས་བྱ་བྱས།

འགན་ཁུར་བ་ལི་ཧྲི་ཝེ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། རིག་ལྡན་སྐར་མ་འཕྲུལ་མིའི་སློབ་གསོ་ནི་གཙོ་བོ་ལོ་3ནས་12བར་གྱི་བྱིས་པའི་རིག་པར་ཕན་པའི་སློབ་གསོའི་སློབ་ཚན་ཞིབ་སྤེལ་དང་། སློབ་ཁྲིད། བརྒྱུད་སྤེལ་བཅས་དང་དེ་བཞིན་རིག་པར་ཕན་པའི་སློབ་ཆས་ཀྱི་ཇུས་འགོད་དང་། ཐོན་སྐྱེད། བྲིན་ཚོང་བཅས་ལ་གཞོལ་གྱི་ཡོད། ད་ལྟ་སློབ་ཞུགས་གོང་གི་བྱིས་པའི་ལེ་ཀའོ་འཛིན་གྲྭ་དང་། WeDoབྱ་རིམ་སྒྲིག་པའི་འཛིན་གྲྭ། EV3བྱ་རིམ་སྒྲིག་པའི་འཛིན་གྲྭ་བཅས་བཙུགས་ཡོད་ཅིང་། སློབ་ཚན་འཁྲིད་མཁན་དགེ་རྒན་35ཚང་མ་ནི་གསོ་སྦྱོང་བྱས་རྗེས་འཕྲུལ་མིའི་སློབ་ཁྲིད་ལག་ཁྱེར་རག་པའི་སློབ་གསོ་སློབ་གླིང་གི་སློབ་མ་ཤ་སྟག་ཡིན་པ་རེད།

“དམངས་ཀྱིས་བྱ་གཞག་སྐྲུན། ཀུན་གྱིས་གསར་གཏོད་བྱེད་པའི”རྒྱལ་ཁབ་ཀྱི་འབོད་སྐུལ་དང་ལེན་ཧུར་ཐག་ཞུ་ཆེད། བོད་རང་སྐྱོང་ལྗོངས་ཀྱི་སློབ་ཆེན་སློབ་མའི་ལས་གཏོད་སྐྱོང་གསོ་རྟེན་གཞི་ཐོག་མ་དེ་བོད་ལྗོངས་མི་རིགས་སློབ་ཆེན་དུ་བཙུགས་པ་རེད། རྟེན་གཞི་དེས་སྤྱི་པའི་ཞབས་ཞུའི་ཐོན་ཁུངས་དང་སློབ་གྲྭའི་ལེགས་ཆའི་ཚན་ཞིབ་ཐོན་ཁུངས་སྤྱད་དེ་ལས་གཏོད་སློབ་ཆེན་སློབ་མར་རིན་པ་མི་དགོས་པར་དོ་དམ་གཉེར་སྐྱོང་ལ་མཁོ་བའི་ས་ཆ་དང་། སྒྲིག་ཆས། ལས་གཏོད་ཀྱི་མཛུབ་ཁྲིད། ལས་གཏོད་ཀྱི་རྒྱབ་སྐྱོར་ཐེབས་རྩའི་དངུལ་གྱི་སྐྱེད་མེད་དངུལ་བུན་སོགས་ཀྱི་ཞབས་འདེགས་ཞུས་ཏེ་སློབ་མ་ཚོར་གསར་གཏོད་ལས་གཏོད་ནང་ཧུར་ཐག་ཞུགས་པའི་ལྕག་སྐུལ་བྱེད་ཀྱི་ཡོད།

འབྱུང་འགྱུར་གྱི་སྐོར་གླེང་སྐབས། ལི་ཧྲེ་ཝེ་ཡིས་གདེང་ཚོད་ཀྱིས་ཁེངས་བཞིན་དུ“ས་ཆ་དངོས་སུ་བརྟག་ཞིབ་བྱས་པ་བརྒྱུད། བོད་ལ་མིག་སྔར་དེའི་ཐད་ཀྱི་རིག་པར་ཕན་པའི་སློབ་གསོ་ཧ་ཅང་དཀོན་པོ་ཡིན་པ་ང་ཚོས་ཤེས་བྱུང་། ང་སློབ་མཐར་ཕྱིན་རྗེས་བོད་ལ་བསྐྱོད་དེ་ཆེད་ལས་ཀྱི་ལེགས་ཆར་བརྟེན་ནས་རང་ཉིད་ཀྱི་སྤུས་རྟགས་བཏོད་དེ་གྲོགས་པོ་ཆུང་ཆུང་དེ་བས་མང་བ་སྤྲོ་སྣང་བག་ཕེབས་ཀྱི་ཁོར་ཡུག་ཁྲོད་དུ་ཕྱོགས་ཡོངས་འཕེལ་རྒྱས་ཡོང་བ་བྱ་རྒྱུ་ཡིན”ཞེས་བཤད།

སློབ་གྲྭ་བཙུགས་པ་ནས་ད་བར། བོད་ལྗོངས་མི་རིགས་སློབ་ཆེན་གྱིས་ཆུ་ཚད་མཐོ་བའི་ཕུལ་བྱུང་འཛུགས་སྐྲུན་པ་དང་ལས་རིགས་ཁག་དང་རིམ་པ་ཁག་གི་ཕུལ་བྱུང་ཤེས་ལྡན་མི་སྣ་ཁྲི་8ལྷག་ཙམ་གསོ་སྐྱོང་བྱས་ཡོད། ས་ཕྱོགས་གང་དུ་བསྐྱོད་ནའང་བོད་ལྗོངས་མི་རིགས་སློབ་ཆེན་གྱི་སློབ་མ་ཚོས་སློབ་གྲྭའི་གདམ་ཚིག“རྒྱལ་གཅེས། བོད་དར། སློབ་བརྩོན། ལས་བཀུར”ཞེས་པ་བརྗེད་མི་སྲིད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།