ཉིང་ཁྲིས་ཁོར་ཡུག་སྲུང་སྐྱོང་དང་ཕྱུག་འགྱུར་གཉིས་ཀར་འཐུས་ཤོར་མི་ཡོང་བ་བྱས་པ།—— ཉིང་ཁྲིའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ཕན་འབྲས་མངོན་གསལ་དོད་པ།

སྡོད་མལ་ཁོར་ཡུག་སྲུང་སྐྱོང་བྱས་པ།

ཉེ་བའི་ལོ་ལྔའི་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་སྔོ་འགྱུར་འདུ་འགོད་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་ཁྱོན་ཤིང་འཛུགས་ནགས་གསོ་མུའུ་ཁྲི་36དང་བྱེ་འགྱུར་བཅོས་སྒྲིག་མུའུ་ཁྲི་45བྱས་ཤིང་། མིག་སྔར་ཉིང་ཁྲི་གྲོང་ཁྱེར་གྱི་སྔོ་འགྱུར་ཁྱབ་ཚད་དང་སྔོ་ས་ཁྱབ་ཚད་42.55%དང་41.95%སོ་སོར་ཟིན་ཡོད་པ་རེད། ཁོར་ཡུག་སྲུང་སྐྱོང་ལ་མ་དངུལ་མང་པོ་བཏང་བ་དེས་ཉིང་ཁྲིའི་རྒྱ་ཆེའི་མང་ཚོགས་ལ་ཕན་འབྲས་ཆེན་པོ་ཐོབ་ཡོད་པ་རེད།

སྤོ་བོ་རྫོང་རྡོ་རྗེ་ཤང་ཤིས་པ་གྲོང་ཚོའི་ཉེ་འགྲམ་དུ་རྩེ་མོ་དགུང་དུ་ཟུག་འདྲའི་སྒྲོལ་མ་གནས་རི་ཆགས་ཡོད། དེ་གར་རྩྭ་ཆུ་བཟང་བ་དང་ཁོར་ཡུག་ལྟ་ན་སྡུག་པ་ལས། མི་རྣམས་ཀྱི་ཡིད་དབང་རབ་ཏུ་འཕྲོག་བཞིན་ཡོད།

ལོ་འགའ་ཤས་སྔོན་དུ། ཤིང་གང་བྱུང་བཅད་པའི་དབང་གིས་ཤིས་པ་གྲོང་ཚོའི་ཉེ་འགྲམ་གྱི་རི་སྟེང་དུ་ཤིང་ཧ་ཅང་ཉུང་དུ་ཕྱིན་ནས་དྲག་ཆར་རླུང་འཚུབ་ཀྱི་གནམ་གཤིས་བསྟན་སྐབས་གྲོང་ཚོ་ཡོངས་སུ་འདམ་བག་དང་གད་སྙིགས་ཀྱིས་ཁེངས་ཀྱི་ཡོད། སྣང་ཚུལ་དེར་འགྱུར་ལྡོག་གཏོང་ཆེད། ཤང་སྲིད་གཞུང་དང་ཤིས་པ་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གིས་མཉམ་སྡེབ་ཚོགས་འདུ་འཚོགས་ཏེ་གྲོས་བསྡུར་བྱས་ནས་ཐག་གཅོད་ཇུས་གཞི་བཟོས་པ་སྟེ། “གཅིག་ནས་གྲོང་མིར་ཤིང་གང་བྱུང་གཅོད་དུ་མ་བཅུག་པ་དང་། ནགས་སྲུང་བ་ཉིན་ལྟར་དུས་ངེས་མེད་དུ་སྐོར་ཞིབ་ལ་བཏང་བ་དང་། གཉིས་ནས་གད་སྙིགས་བཤོ་ས་འཆར་འགོད་བྱས་པ་དང་ད་དུང་ཉིན་ལྟར་གྲོང་མི་རེས་སྐོར་བྱས་ནས་གྲོང་ཚོར་གཙང་སྦྲ་བྱེད་དུ་བཅུག་པ། གསུམ་ནས་གྲོང་མིར་ཁོར་ཡུག་ལ་བདག་གཅེས་བྱེད་པའི་གོམས་གཤིས་བཟང་པོ་འཇགས་རྒྱུར་སྐུལ་ལྕག་བྱས་ཡོད”ཅེས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིས་གསར་འགོད་པར་བརྗོད།

གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག་ཐད། གྲོང་མི་རྣམས་འབྲེལ་བ་དེ་ཙམ་མེད་མཁན་ཞིག་ཏུ་ཞིག་ནས་ཐད་ཀར་དེའི་ནང་ཞུགས་མཁན་ཞིག་ཏུ་གྱུར་ཏེ། གད་སྙིགས་གང་བྱུང་དུ་དབྱུག་པ་དང་རི་སྟེང་ནས་ཤིང་གང་བྱུང་དུ་གཅོད་པ་སོགས་བྱེད་ཀྱི་མེད་པས་གྲོང་ཚོའི་བཀོད་པ་དང་རྣམ་པ་གསར་རྐྱང་དུ་གྱུར་ཡོད།

ཡུལ་སྐོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱད་པ།

རང་བྱུང་ཁོར་ཡུག་བཟང་པོས་ཉིང་ཁྲིའི་སྣོད་བཅུད་ཡུལ་སྐོར་ལས་རིགས་མགྱོགས་མྱུར་སྐྱོན་བྲལ་འཕེལ་རྒྱས་ཡོང་བར་སྐུལ་ཁྲིད་བྱས་ཡོད།

སྣང་རྫོང་དུང་དཀར་གྲོང་རྡལ་དཀྲོགས་གྲོང་ཚོ་ནི་ཡར་ཀླུང་གཙང་པོའི་དབུས་སྨད་རྒྱུད་དུ་ཆགས་ཤིང་། ཞིང་ཆེན་ལམ་བུ་306གི་ཉིང་ཁྲི་ནས་ཆུ་མདོའི་རྒྱང་བར་གྱི་གཞུང་ལམ་དང་ཐག་ཉེ་པོ་ཡོད། ཉེ་བའི་ལོ་ཤས་རིང་། དཀྲོགས་གྲོང་ཚོས་རང་བྱུང་ཐོན་ཁུངས་ཀྱི་ལེགས་ཆ་དང་སྟབས་བདེའི་འགྲིམ་འགྲུལ་ཆ་རྐྱེན་ལ་གཞི་ཚུགས་ཏེ་ཁྱད་ལྡན་ཞིང་ཁྱིམ་སྤྲོ་སྐྱིད་ཁང་གཉེར་ཡོད། འདི་ལོ་ཚུན་དུ། དཀྲོགས་གྲོང་ཚོའི་ཞིང་ཁྱིམ་སྤྲོ་སྐྱིད་ཁང་གིས་ཡུལ་སྐོར་བ་མི་ཐེངས་2960ལྷག་ཙམ་ལ་སྣེ་ལེན་ཞུས་པས་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་9ཙམ་ཡོང་བར་སྐུལ་ཁྲིད་ཐུབ་ཡོད།

མེ་ཏོག་རྫོང་མེ་ཏོག་གྲོང་རྡལ་ཡ་གདུང་གྲོང་ཚོ་ནི་དེ་སྔ་རང་བྱུང་ཆ་རྐྱེན་ཞན་པ་དང་། ཐོན་སྐྱེད་རྒྱུ་ཆ་དཀོན་པ། འགྲིམ་འགྲུལ་སྟབས་བདེ་མེད་པ་སོགས་ཀྱི་རྐྱེན་པས་གྲོང་མིའི་འཚོ་བ་ཧ་ཅང་སྐྱོ་པོ་ཡོད། ཉེ་བའི་ལོ་ཤས་རིང་། མེ་ཏོག་གི་གཞུང་ལམ་ཤར་གཏོང་ཐུབ་པ་དང་འཕྲིན་གཏོང་ཆ་རྐྱེན་ལེགས་སུ་སོང་བས་སྣོད་བཅུད་ཡུལ་སྐོར་ཡུལ་དེར་དར་རྒྱས་འགྲོ་འགོ་ཚུགས། གྲོང་མི་ཆོས་སྒྲོན་གྱིས་གོ་སྐབས་དེ་དང་བསྟུན་ནས་ཁྱིམ་ཚང་མགྲོན་ཁང་ཞིག་གཉེར་ཞིང་། དེ་སྔ་ཁོང་གི་ཁྱིམ་ལ་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་ཟིན་གྱི་མེད་ཀྱང་ད་ཆ་སྒོར་ཁྲི་20ལྷག་ཙམ་ཡོང་གི་ཡོད། ཁོང་གིས“སྣོད་བཅུད་ཡུལ་སྐོར་དར་རྒྱས་ཕྱིན་པས་ང་ཚོའི་འཚོ་བའང་དཀའ་སྡུག་གི་གནས་ལས་ཐར་བས། ང་ཚོས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཞིག་མཐོང་བྱུང”ཞེས་བརྗོད།

ད་བར་ཉིང་ཁྲི་གྲོང་ཁྱེར་དུ་སྣོད་བཅུད་ཡུལ་སྐོར་ལས་རིགས་ལ་ཐད་ཀར་ཞུགས་མཁན་ཞིང་འབྲོག་མང་ཚོགས་དུད་ཚང་1500ཙམ་དང་མི་ཁྲི་3ལྷག་ཙམ་ཟིན་པ་དང་། སྣོད་བཅུད་ཞིང་འབྲོག་ལས་ཀྱིས་དུད་ཚང་ཁྲི་1.9ལྷག་ཙམ་དང་མང་ཚོགས་ཁྲི་7.8ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་ཐུབ་ཡོད།

ཐོན་ལས་ཕྱུག་འགྱུར་གྱི་ལམ་བུ་ཡངས་སུ་བཏང་བ།

དཀྲོགས་གྲོང་ཚོས་ཡུལ་སྐོར་ལ་བརྟེན་ནས་ཞིང་ལས་ཐོན་རྫས་ཀྱི་རིན་ཐང་འཕར་བ་བྱེད་པའི་འགག་རྩ་དེར་དམ་འཛིན་བྱས་ཏེ། སྒོ་རའི་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་ཧུར་ཐག་བྱས་པ་དང་། དཀྲོགས་གྲོང་ཚོའི་ཏང་ཡོན་49ཡིས་སྣེ་ཁྲིད་དེ་ཚོད་འདེབས་བྱས་ནས་ལག་རྩལ་བྱང་ཆུབ་རྗེས་རིམ་བཞིན་གྲོང་ཚོ་ཡོངས་ཀྱི་དུད་ཚང་57གྱི་ཞིང་འབྲོག་མང་ཚོགས་ཁྲོད་ཁྱབ་གདལ་བཏང་ཡོད། དཀྲོགས་གྲོང་ཚོའི་ཏང་ཀྲི་པུའུ་དང་ཏང་ཡོན་གྱི་ཤུགས་ཆེའི་ཁྲིད་སྟོན་འོག གྲོང་ཚོ་ཡོངས་ཀྱི་མང་ཚོགས་ཀྱིས་ཕྱར་བ་གྲུ་འདེགས་བྱས་པས། གྲོང་ཚོ་ཡོངས་ཀྱི“ཁྱིམ་ཚང་ཚང་མར་ཐོན་ལས་ཡོད་པ་དང་དུད་ཚང་ཚང་མར་ཡོང་འབབ་ཡོད་པའི། རྣམ་པ་བཟང་པོ་ཞིག་ཆགས་ཡོད། མིག་སྔར་དཀྲོགས་གྲོང་ཚོས་ཁྱོན་སྟར་ཁ་མུའུ་900ལྷག་ཙམ་དང་། ཀུ་ཤུ་མུའུ་150 ཁམ་བུ་མུའུ་100བཅས་བཏབ་པས། དུད་ཚང་རེར་འབབ་འཕར་སྒོར་ཁྲི་2ལྷག་ཙམ་བྱུང་ཡོད་པ་རེད།

གཤིས་དགའ་མོན་པ་གྲོང་ཚོ་ནི་མེ་ཏོག་རྫོང་དགའ་ལྡན་ཤང་ལུ་གུ་གྲོང་ཚོ་དང་གོག་ལྡེམ་གྲོང་ཚོ་ནས་གནས་སྤོས་ཏེ་ཟླ་སྒྲིལ་བཏང་བ་ཞིག་རེད། དེ་སྔའི་སྡོད་ཡུལ་ས་ཐག་རིང་བ་དང་། འགྲིམ་འགྲུལ་སྟབས་བདེ་མེད་པ། ཐོན་ཁུངས་དཀོན་པ་བཅས་ཀྱི་རྐྱེན་པས། 2003ལོར་སྨན་གླིང་རྫོང་ཆབ་ནག་ཤང་དུ་སྤོས་ཡོད།

ཉེ་བའི་ལོ་ཤས་རིང་། གཤིས་དགའ་མོན་པ་གྲོང་ཚོའི་ཏང་ཀྲི་པུའུ་ཡིས་གྲོང་ཚོའི་ས་གནས་ཀྱི་ལེགས་ཆ་དང་འཇོན་ཐང་ཅན་གྱི་ལེགས་ཆ་སྤྱད་ནས2016ལོར་ཉིང་ཁྲི་ཡིང་ཧྥུང་ཞིང་འབྲོག་ཚན་རྩལ་ཚད་ཡོད་ཀུང་སི་ནང་འདྲེན་བྱས་པ་མ་ཟད། ད་དུང་མ་དངུལ་སྒོར་དུང་ཕྱུར་3.2བཏང་ནས་རིག་ནུས་སྣོད་བཅུད་ཞིང་ར་བསྐྲུན་ཏེ་དུད་ཚང་66གི་མང་ཚོགས་ལ་ལོ་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་370ལྷག་ཙམ་ཡོང་བར་སྐུལ་ཁྲིད་བྱས་ཡོད། 2018ལོར་གྲོང་ཚོས་སེའུ་དམར་ཆུང་སྡོང་པོ་2000བཏབ་པ་དང་། སྔོན་དཔག་བྱས་ན། འདི་ལོ་ཐོན་འབབ་རྒྱ་མ་6000ཟིན་ཏེ་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་30ཡོང་བར་སྐུལ་ཁྲིད་ཐུབ་རྒྱུ་རེད། ད་དུང་གྲོང་ཚོས་གྲོང་ཁྱེར་དང་རྫོང་ནས་ལྷན་སྦྱར་མ་དངུལ་སྒོར་ཁྲི་387བརྩོན་ལེན་བྱས་ནས་མི་རིགས་ལག་ཤེས་ཐོན་རྫས་ཐོན་སྐྱེད་རྟེན་གཞི་བསྐྲུན་པས། ལོ་ལྟར་གྲོང་ཚོའི་མཉམ་སྡེབ་ལ་ཁེ་བཟང་སྒོར་ཁྲི་5བྱུང་བ་དང་དུད་ཚང་12ཀྱི་མང་ཚོགས་ལ་ལོར་འབབ་འཕར་སྒོར་ཁྲི་3.6ཡོང་རྒྱུར་སྐུལ་ཁྲིད་ཐུབ་ཡོད། 2019ལོར་གྲོང་ཚོའི་མཉམ་སྡེབ་དང་། དེ་བཞིན་དུད་ཚང་27གྱི་མང་ཚོགས་ཀྱིས་ཉང་ཆུ་གཙང་པོའི་ཡུལ་སྐོར་ཀུང་སི་དང་མཉམ་ལས་བྱས་ཏེ་རིག་གནས་ཐང་ཆེན་དང་དམངས་སྲོལ་ཁྱིམ་ཚང་འགྲེམས་སྟོན་ཁྱད་ལྡན་ཡུལ་སྐོར་གྱི་བཀྲག་མདངས་འཚེར་ས་ཞིག་ཏུ་བཏོད་པ་དང་། ཁྱད་ལྡན་ཁྲོམ་བཀྱག་དང་། དེ་བཞིན་ཁྱིམ་དུ་འཚམས་འདྲི་དང་ཉམས་ལེན་བྱེད་སྒོར་བརྟེན་པས་དུད་ཚང་མི་རེ་ངོ་རེའི་མཉམ་ལས་བྱེད་མཁན་མང་ཚོགས་ལ་ཟླ་རེར་འབབ་འཕར་སྒོར་6500བྱུང་བ་དང་གྲོང་ཚོའི་མཉམ་སྡེབ་ལ་ལོ་ལྟར་ཁེ་བཟང་སྒོར་ཁྲི་5བྱུང་ཡོད་པ་རེད།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།