མཚོ་སྔོན·བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས16ནས་ཚེས19ཉིན་བར། བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འཐུས་མི་ཚོགས་པས་མཚོ་སྔོན་ལ་རྟོག་ཞིབ་གནང་བ་རེད། ཚེས17ཉིན་གྱི་ཕྱི་དྲོར།མཚོ་སྔོན་དང་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་གནའ་མཁར་ཟི་ལིང་དུ་འཚོགས།

བོད་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་ཝུའུ་དབྱིན་ཅེ་ཡིས་གཏམ་བཤད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན་གྱིས་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། བོད་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་དང་།མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཞིང་ཆེན་སྲིད་གཞུང་གི་ཧྲེང་ཀྲང་ལིའུ་ཉིང་རྣམ་གཉིས་ཀྱིས་སོ་སོར་ཞིང་ལྗོངས་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་བྱས།

ཝུའུ་དབྱིན་ཅེ་ཡིས་བོད་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་དང་། ལྗོངས་ཡོངས་ཀྱི་རིགས་སོ་སོའི་མི་དམངས་རྣམས་ཀྱི་ཚབ་བྱས་ནས། མཚོ་སྔོན་ཞིང་ཆེན་གྱིས་དུས་ཡུན་རིང་པོར་བོད་ལྗོངས་ཀྱི་བྱ་བར་ཤུགས་ཆེན་པོས་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས། ཁོས་བཤད་རྒྱུར། མཚོ་སྔོན་ནི་བོད་ལྗོངས་ཀྱི་ཁྱིམ་མཚེས་བཟང་པོ་དང་སྤུན་ཟླ་བཟང་པོ་ཡིན་པའི་ཆ་ནས། བོད་ལྗོངས་མགྱོགས་མྱུར་ངང་འཕེལ་རྒྱས་ཆེན་པོ་འགྲོ་བ་དང་ཡུན་རིང་བདེ་འཇགས་ཡོང་བ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་དང་མེས་རྒྱལ་གྱི་མཐའ་སྲུང་སྲ་བརྟན་གཏོང་བ་བཅས་ཀྱི་ཐད་ལ་འབུར་ཐོན་གྱི་བྱས་རྗེས་བཞག་ཡོད། དུས་རབས་གསར་པར་ཞུགས་པའི་རྗེས་སུ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞི་ཅིན་ཕེན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དག་གཏིང་ཟབ་ཀྱིས་ལག་ལེན་མཐར་ཕྱིན་བྱས་པ་དང་། གཅིག་གྱུར་འཆར་འགོད་ཀྱིས་འགག་སྒྲོལ་འཐབ་འཛིང་ཆེ་བ་གསུམ་ལ་སྐུལ་འདེད་བཏང་བས། དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བ་དང་མི་དམངས་ཀྱི་འཚོ་བ་ལེགས་བཅོས་ཆེན་པོ་བྱུང་བ། བྱ་གཞག་སྣ་ཚོགས་གོམ་སྟབས་ཆེན་པོས་མདུན་དུ་བསྐྱོད་པའི་རྣམ་པ་གསར་པ་ཞིག་བཏོད་ཡོད། ཐེངས་འདིར་མཚོ་སྔོན་དུ་ཡོང་ནས་སློབ་སྦྱོང་རྟོག་ཞིབ་བྱས་པས། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད་པ་དངོས་སུ་མཐོང་ཞིང་། ལམ་བར་གྱི་འགྲོ་ས་ཀུན་ནས་མྱོང་ཚོར་ཧ་ཅང་ཟབ་མོ་ཐེབས་ཤིང་། དུས་རབས་གསར་པར་འཕེལ་རྒྱས་ཆེན་པོ་འགྲོ་བ་དང་ཡུན་རིང་བདེ་འཇགས་ཡོང་བར་སྐུལ་འདེད་བྱེད་པའི་ཁ་ཚ་དགོས་གཏུག་གི་འདུ་ཤེས་ཇེ་དྲག་ཏུ་ཕྱིན་པར་མ་ཟད། ད་དུང་ཧ་ཅང་རྩ་ཆེན་གྱི་ཧེ་བག་ཤེས་རྟོགས་བྱུང་བའི་འགྲུལ་བཞུད་ཐེངས་ཤིག་དང་། འདུ་ཤེས་བརྗེ་བསྒྱུར་གྱི་འགྲུལ་བཞུད་ཐེངས་ཤིག་དང་། རིགས་ལམ་བློ་སྒོ་འབྱེད་པའི་འགྲུལ་བཞུད་ཐེངས་ཤིག་ནི་དེ་བས་ཀྱང་ཡིན་པར་སྙམ། མཚོ་སྔོན་གྱིས་གཏིང་ཟབ་པའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་ལེན་དངོས་འབེབས་བྱེད་པའི་སྟེང་ནས། མཁོ་འདོན་ཐད་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་ཁྱད་ཆོས་ལྡན་པའི་ལེགས་ཆའི་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱེད་པ། བློ་ཐག་རྦད་ཆོད་ཀྱིས་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ། ཤེས་ལྡན་འཇོན་མི་ལ་གཅེས་སྤྲས་ཀྱིས་བཀོལ་སྤྱོད་ལེགས་པོ་བྱེད་པ་སོགས་ཀྱི་བྱ་བའི་ཁྲོད་དུ་བསགས་པའི་ཉམས་མྱོང་བཟང་པོ་དང་སྒྲུབ་སྟངས་བཟང་པོ། བྱེད་ཐབས་བཟང་པོ་བཅས་ནི། བོད་ལྗོངས་ཀྱིས་ནན་ཏན་ངང་སློབ་སྦྱོང་དང་ཟུར་ལྟ་བྱེད་རིན་ཡོད་པ་ཞིག་རེད་ཅེས་སྨྲས།

ཝང་ཅན་ཅུན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འཐུས་མི་ཚོགས་པ་མཚོ་སྔོན་ལ་རྟོག་ཞིབ་ཏུ་ཡོང་ནས་བྱ་བར་མཛུབ་སྟོན་བྱས་པར་དགའ་བསུ་ཞུས་པ་དང་། བོད་ལྗོངས་ཀྱིས་དུས་ཡུན་རིང་པོའི་ནང་མཚོ་སྔོན་གྱི་བྱ་བར་རྒྱབ་སྐྱོར་ཤུགས་ཆེན་པོ་བྱས་པར་ཐུགས་རྗེ་ཆེ་ཞུས། ཁོས་བཤད་རྒྱུར། ད་ལོའི་ཟླ4པར། མཚོ་སྔོན་ཞིང་ཆེན་ཏང་སྲིད་འཐུས་མི་ཚོགས་པ་བོད་ལྗོངས་སུ་བསྐྱོད་ནས་སློབ་སྦྱོང་དང་རྟོག་ཞིབ་བྱས་པར་ཡོང་འབབ་མང་ཙམ་ཐོབ་ཅིང་། ཕན་འབྲས་མི་དམན་པ་བླངས། མཚོ་སྔོན་དུ་ཕྱིར་ལོག་པའི་རྗེས་སུ། ང་ཚོས་ནམ་ཡང་བོད་ལྗོངས་ཀྱི་འཕེལ་རྒྱས་ལ་མཐོང་ཆེན་དོ་ཁུར་བྱེད་ཀྱིན་ཡོད་ལ། ང་ཚོས་བོད་ལྗོངས་ཀྱི་ཉམས་མྱོང་བཟང་པོ་ལ་སློབ་སྦྱོང་བྱས་ནས། ཧུར་བརྩོན་གྱིས་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་གཏོང་བ་སོགས་ཀྱི་གནད་འགག་བྱ་བ་རེ་རེ་དམ་འཛིན་རྣལ་འཛིན་བྱས་ནས། ཕན་འབྲས་ཐོན་པར་འབད་ཀྱིན་ཡོད། བོད་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ། བོད་ཁམས་བདེ་འཇགས་མཐའ་བརྟན་ལ་སོགས་པའི་ཕྱོགས་ཀྱི་བྱེད་ཐབས་བཟང་པོ་རྣམས་ལ་སློབ་སྦྱོང་བྱས་ཏེ། མཚོ་སྔོན་གྱི་བཅོས་བསྒྱུར་འཕེལ་རྒྱས་བརྟན་བརླིང་གི་བྱ་གཞག་སྣ་ཚོགས་ལ་སྐུལ་འདེད་གཏོང་ཕྱིར་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སྤོ་དགོས། བོད་ལྗོངས་ཀྱིས“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ”ཞེས་པའི་བརྗོད་དོན་སློབ་གསོ་སྤེལ་བའི་བྱེད་ཐབས་བཟང་པོ་རྣམས་ལ་སློབ་སྦྱོང་བྱས་ཏེ། རང་ཉིད་གསར་བརྗེའི་བྱེ་བྲག་གི་བྱེད་ཐབས་ལ་སྐུལ་འདེད་བཏང་བར་ཟུར་ལྟ་བྱས་པ་དང་། བརྗོད་དོན་སློབ་གསོར་སྐུལ་འདེད་གཏོང་བའི་ཕྱོགས་ནས་ཁ་ཡོད་ལག་ཡོད་དང་དངོས་གནས་དྲང་གནས་ཀྱི་ཕན་འབྲས་བླངས་ཡོད། རེ་བ་ཡིན་ན་ཕྱོགས་གཉིས་ཀས་ད་ཡོད་ཀྱི་མཉམ་ལས་བཟང་པོའི་རྨང་གཞིའི་ཐོག་སྔར་ལས་ལྷག་པར་ཞིང་ལྗོངས་གཉིས་ཀྱི་འཐབ་ཇུས་གལ་ཆེན་གྱི་མཐུན་སྦྱོར་མཉམ་ལས་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། ལེགས་ཆ་གསབ་རེས་དང་གཉིས་ཁེ་གཉིས་ཕན་གྱི་བགྲོད་ལམ་ཞིག་ལ་མཉམ་དུ་བསྐྱོད་དགོས། ཞི་ཅིན་ཕེན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱས་འོག ཞིང་ལྗོངས་གཉིས་ཀྱིས་སྔར་ལས་ཡངས་པའི་མཐོང་རྒྱ་དང་སྔར་ལས་ཆེ་བའི་བཀོད་སྟངས་ཤིག་ལ་བརྟེན་ནས་ཕྱོགས་གཉིས་ཀ་རིམ་པ་མང་པོ་དང་ཁྱབ་ཁོངས་སོ་སོ། ཕྱོགས་མཚམས་ཐམས་ཅད་ནས་མཉམ་ལས་བྱེད་ཐུབ་པར་སྐུལ་འདེད་གཏོང་བའི་ཇུས་འགོད་བྱེད་རྒྱུ་ན། ས་གནས་གཉིས་ཀྱི་འབྲེལ་གཏུགས་ལ་སྔར་ལས་བཟང་པོའི་དམ་ཚགས་ཡོང་སྲིད་པ་དང་། ས་གནས་གཉིས་ཀྱི་མི་དམངས་རྣམས་སྔར་ལས་སྙིང་ཉེ་བོ་ཞིག་ཡོང་བར་ང་ཚོར་ཡིད་ཆེས་བརྟན་པོ་ཞིག་ཡོད།

ཝང་ཅན་ཅུན་གྱིས་བཤད་རྒྱུར། ང་ཚོས་སེམས་རྣལ་དུ་ཕབ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་མཐའ་མཚམས་བཅོས་སྐྱོང་དང་བོད་ཁུལ་བརྟན་བརླིང་གི་འཐབ་ཇུས་བསམ་བློ་གལ་ཆེན་ངེས་པར་གོ་བ་ལོན་དུ་འཇུག་ཁོ་ཐག་ཡིན་ལ། མཚོ་བོད་མཐོ་སྒང་གི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཇགས་ཡོང་བའི་ཐད་ལ་དམིགས་ནས།ཐོག་མཐའ་བར་གསུམ་དུ་བརྟན་བརླིང་ཡོང་བར་སྲུང་སྐྱོང་བྱེད་པའི་བྱ་བ་དེ་དམ་འཛིན་བྱས་ཏེ།ཞིང་ལྗོངས་གཉིས་ཀྱི་བརྟན་བརླིང་སྲུང་སྐྱོང་མཐུན་སྦྱོར་གཞོགས་འདེགས་ཀྱི་ནང་རྐྱེན་འཐུས་ཚང་དུ་གཏོང་ངེས་ཡིན་ཞིང་། ས་གནས་གཉིས་ཀའི་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་ནས་འཆམ་མཐུན་བརྟན་བརླིང་ཡོང་བར་བྱས་ཏེ་ཀྲུང་གོ་གསར་པའི་བགྲང་བྱ70ཡི་འཁྲུངས་སྐར་བསུ་བར་ལེགས་སྐྱེས་འབུལ་རྒྱུ།

བཞུགས་མོལ་ཚོགས་འདུ་གྲོལ་བའི་རྗེས་སུ། ཞིང་ལྗོངས་གཉིས་ཀྱིས་མཉམ་དུ《མཚོ་སྔོན་དང་བོད་ལྗོངས་ཐུན་མོང་གིས་ཞིང་ཕྱུགས་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་་མཉམ་ལས་གྲོས་མཐུན》ལ་མིང་རྟགས་བཀོད་པ་རེད།

མཚོ་སྔོན་དུ་ཡོད་པའི་སྐབས་ལ། བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འཐུས་མི་ཚོགས་པ་འཁོར་དང་བཅས་པ་མཚོ་ཤར་དང་ཟི་ལིང་།མཚོ་ནུབ་བཅས་ཀྱི་ས་ཆར་རྟོག་ཞིབ་ཏུ་བསྐྱོད།

བོད་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་པ་བསྟན་ཁོ་དང་། ཅང་ཅའེ། ལིའུ་ཅང་། རྡོ་ཐར་བཅས་དང་། མཚོ་སྔོན་ཞིང་ཆེན་གྱི་མགོ་ཁྲིད་པ་ཝང་ཞའོ། མགོན་པོ་བཀྲ་ཤིས། མ་ཅི་ཞའོ། གོ་ཧྭ། ཉིའོ་ཁྲིན་ཡུན། ཝང་ལི་མིང་བཅས་འབྲེལ་ཡོད་ཀྱི་བྱ་འགུལ་ལ་ཞུགས། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།