ཁེ་ལས་ལ་གསོན་ཤུགས་སྦྱིན། མི་དམངས་ལ་ཕན་པ་ཐོབ།

——བོད་ལྗོངས་ཀྱིས་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་དོན་འཁྱོལ་བྱས་པའི་སྐོར་གྱི་དངོས་བྲིས། 

res01_attpic_brief.jpg   

འདི་ནི་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཁྲལ་དོན་ཡན་ལག་ཅུས་གཉིས་པའི་ཁྲལ་གཉེར་ཞབས་ཞུ་ཐིང་གི་ལས་སྒྲུབ་མི་སྣས་ཁྲལ་རིན་གཉིས་གཅོག་སྐོར་བློ་འདྲི་བྱེད་པར་ཡོང་བའི་གྲོང་མིར་འབྲེལ་ཡོད་ཀྱི་སྲིད་ཇུས་འགྲེལ་བཤད་རྒྱག་བཞིན་པ།

“ང་ཚོའི་ཚོང་ཁང་ལ་ཡོང་མཁན་ཕལ་ཆེ་བ་ཡུལ་སྐོར་བ་ཡིན། ཉིན་ལྟར་ཚོང་ཧ་ཅང་ཡག་པོ་འདུག ད་ཆ་རྒྱལ་ཁབ་ཀྱིས་ཁྲལ་རིན་གཉིས་གཅོག་གཞི་རྒྱ་ཆེན་པོ་བྱས་པ་དང་ལྷག་དོན་དུ་གནས་ཐང་འཕར་ཁྲལ་གྱི་གཞི་རྒྱ་ཆུང་བའི་ཁྲལ་འཇལ་མཁན་གྱི་ཟླ་རེའི་ཕྱིར་ཚོང་གི་ཆག་ཡང་གྲངས་འབོར་སྒོར་ཁྲི་10བར་མཐོ་རུ་བཏང་བ་དེ་ཐད་ཀར་ང་ཚོར་ཡོང་འབབ་ཁག་གཅིག་སྤྲད་པ་དང་མཚུངས།”

ལྷ་ས་གྲོང་ཁྱེར་ཁྲལ་དོན་ཅུས་གྲོང་ཤར་ཁྲལ་དོན་ཡན་ལག་ཅུས་ཀྱི་སྒེར་གཉེར་བཟོ་ཚོང་དུད་ཚང་ལ་ཁག་བགོས་དོ་དམ་བྱེད་མཁན་ལས་བྱེད་པ་ཚེ་བརྟན་དོན་གྲུབ་ཀྱིས“2019ལོའི་ཁྲལ་རིན་གཉིས་གཅོག་ལས་དོན་བསྒྲུབས་ཚུན། སྒེར་གཉེར་བཟོ་ཚོང་དུད་ཚང་ནི་སྒྱུར་བཅོས་ཁེ་བཟང་ལས་ཕན་པ་ཆེ་ཤོས་ཐོབ་པའི་མི་ཚོགས་ཡིན། ད་ལོའི་དུས་ཚིགས་དང་པོར་བར་སྐོར་གྱི་སྒེར་གཉེར་བཟོ་ཚོང་དུད་ཚང་ལ་སྒྱུར་བཅོས་ཀྱི་ཁེ་བཟང་སྒོར་ཁྲི་250ལས་བརྒལ་བ་ཐོབ་ནས་ཁྲོམ་རའི་འཕེལ་རྒྱས་ཀྱི་གསོན་ཤུགས་ཆེས་ཆེར་རྒྱས་ཡོད”ཅེས་བརྗོད།

བསྡོམས་རྩིས་བྱས་པར་གཞིགས་ན། བར་སྐོར་གྱི་སྐོར་ལམ་ལྟེ་བར་ཚོང་ཁང་218ཡོད་པའི་ནང་ཕལ་ཆེ་བ་ནི་སྒེར་གཉེར་ཚོང་དུད་ཡིན་ཞིང་། དེ་དག་ཚང་མའི་དཔྱ་ཁྲལ་རྩ་ཆག་བཏང་ཡོད། དེ་ནི་རང་ལྗོངས་ཀྱི་ཁྲལ་རིན་གཉིས་གཅོག་གི་མཚོན་ཚུལ་ཙམ་ཞིག་རེད།

ད་ལོ་ནས་བཟུང་། རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱིས་སྔར་བས་གཞི་ཁྱོན་ཆེ་བའི་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་བྱེད་ཐབས་ལག་བསྟར་བྱས་ནས་ཁྲལ་རིན་གཉིས་གཅོག་གི་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་བཏང་བ་རེད།

ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལས་ཁྲལ་རིན་གཉིས་གཅོག་གི་སྤུས་ཚད་ལེགས་སུ་བཏང་བ།

ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ཁྲལ་དོན་ཅུས་ཀྱིས་ཁྲལ་རིན་གཉིས་གཅོག་དོན་འཁྱོལ་བྱེད་པའི་འགག་སྒྲོལ་དམག་འཐབ་ནང་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་བཏོན་པ་དང་། “ཕྱོགས་འབྲེལ”ཏང་འཛུགས་སྐྱོང་སྟོབས་ཆེར་གཏོང་བའི་ལམ་སྲོལ་ལྟར་ཆབ་སྲིད་ཀྱི་འགན་འཁྲི་ནན་དུ་གཏོང་བ་དང་། འགན་ཁུར་འདུ་ཤེས་ཟབ་ཏུ་གཏོང་བ། ལེགས་སྐྱེས་འབུལ་བའི་སྙིང་སྟོབས་རྒྱུན་འཛིན་བཅས་བྱས་པ་མ་ཟད། ཀྲི་པུའི་མཁར་རྫོང་གི་འཐབ་ནུས་དང་། ཏང་ཡོན་གྱི་གདོང་ལེན་འགོག་རྒོལ་གྱི་སྟོབས་ཤུགས། ཁྲལ་ཁེ་མཉམ་སྐྲུན་གྱི་གོང་བུ་འགྲིལ་ཤུགས་བཅས“ཤུགས་གསུམ་གཅིག་འགྲིལ”གྱི་ནུས་པ་གང་ལེགས་བཏོན་ནས“ཁྲལ་རིན་གཉིས་གཅོག”གི་སྲིད་ཇུས་གནད་སྨིན་དོན་འཁྱོལ་བྱས་པ་རེད།

ཆབ་མདོ་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་ཏང་ཡོན་ལས་བྱེད་པའི“མིག་དཔེ་ཡག་པོ་སྟོན་པ་དང་། རྒྱུན་འཁྱོངས་ལྷོད་མེད”ཀྱི་སྙིང་སྟོབས་སྐུལ་སློང་བྱས་ནས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་ཁྲལ་རིན་གཉིས་གཅོག་གི་ལས་ལ་གཞོལ་བ་དང་། ཏང་ཡོན་གྱིས་སྣེ་ཁྲིད་དེ་ཁྲལ་རིན་གཉིས་གཅོག་གི“མར་སུན”ལ་སྣེ་ཁྲིད་བཅས་བྱས་ཏེ་ཁྲལ་རིན་གཉིས་གཅོག་གི་བྱེད་ཐབས་དོན་འཁྱོལ་ཞིབ་ཚགས་ཡོང་བར་བྱས་ཡོད།

ལྷ་ས་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་ཁྲལ་རིན་གཉིས་གཅོག་དེ་བརྗོད་དོན་གཙོ་བོར་བྱས་ནས་ཏང་ཀྲི་པུའི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་སྔར་བས་བཏོན་ནས་ཁྲལ་རིན་གཉིས་གཅོག་གི་འཇམ་ཤུགས་ཆེ་རུ་བཏང་སྟེ་ཕན་འབྲས་ཐོན་པར་བྱས་ཡོད། ཁྲལ་གཉེར་ཚོམས་ཆེན་ཁག་གིས“ཏང་ཡོན་གདོང་ལེན་གྱི་ལས་གནས”དང“ན་གཞོན་ཤེས་དཔལ་གྱི་ལས་གནས” “ཏང་ཡོན་འཕྲལ་སྒྲུབ་རུ་ཁག”བཅས་བཙུགས་ནས་དོ་དམ་ཅུས་ཁག་གིས་ཏང་ཡོན་ལས་བྱེད་པས་དཔེ་སྟོན་སྣེ་ཁྲིད་དང་། ཏང་ཡོན་དཀྱུས་མས་གདོང་ལེན་དཔེ་བཟང་། ལས་སྒོའི་རྐང་འཛིན་པས་དཔུང་པ་མཉམ་གཤིབ་ཀྱིས་སྐྱོད་པ་བཅས་བྱས་ཏེ་ཁྲལ་འཇལ་བ་དང་རིན་པ་འཇལ་མཁན་གྱི་བློ་ཡིད་ཚིམ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ཡོད།

ལྗོངས་ཡོངས་ཀྱི་ཁྲལ་དོན་ཁོངས་གཏོགས་ཀྱིས་ཏང་ཡོན་གདོང་ལེན་པ་ནས་ལས་བྱེད་པ་དཀྱུས་མའི་བར། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་འོག་སྙིང་སྟོབས་ཆེར་སྐྱེད་ཀྱི་ཉམས་འགྱུར་དང་། དཔའ་ངར་ཆེར་སྐྱེད་ཀྱི་ངར་ཤུགས། རྒྱུན་ཆད་ལྷོད་མེད་ཀྱི་འབད་བརྩོན་བཅས་ལ་བརྟེན་ནས་ནུས་ཤུགས་ཡོད་རྒུས“འཛིན་ཤོག་ཡག་པོ་འབྲི་བ”དང། “ཁྲལ་ཡག་པོ་འཇལ་བ” “རྩིས་ཡག་པོ་རྒྱག་པ”སོགས་སྒྱུར་བཅོས་ཀྱི་འགག་སྒྲོལ་དམག་འཐབ་བརྒྱབ་སྟེ་གནས་ཐང་འཕར་ཁྲལ་གྱི་སྒྱུར་བཅོས་དོན་ཐོག་ཏུ་འཁྱོལ་ནས་རྩ་བ་ཚུགས་པའི་འགན་ལེན་བྱེད་བཞིན་ཡོད།

ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་ལས་ཁེ་ལས་འཕེལ་རྒྱས་ལ་སྔར་བས་གསོན་ཤུགས་རྒྱས་པ།

“ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལག་ལེན་བསྟར་བའི་གཞི་ཁྱོན་ཆེ་བའི་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་ལས་ཁེ་ལས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱུང་བ་དང་། ང་ཚོར་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་བྱུང་། མིག་སྔའི་བར། ངེད་ཀུང་སིར་རིམ་རྩིས་བྱས་ན་ཁྲལ་དངུལ་སྒོར་ཁྲི་50ལྷག་ཙམ་རྩ་ཆག་དང་ཆག་ཡང་བཏང་ཡོད། གོམ་སྟབས་རྗེས་མར། ང་ཚོས་མ་དངུལ་འདི་དག་ཆང་སྙོལ་ལག་རྩལ་ལེགས་བཅོས་དང་ཞིབ་སྤེལ་ཐད་བཏང་ནས་འཛད་སྤྱོད་པར་སྤུས་ཚད་དེ་བས་ལེགས་པའི་རྒུན་འབྲུམ་ཨ་རག་མཁོ་འདོན་གྱིས་རྒུན་འབྲུམ་ཨ་རག་གི་སྤུས་རྟགས་ཡག་པོ་ཞིག་གཏོད་རྒྱུ་ཡིན”ཞེས་བོད་ལྗོངས་སྨར་ཁམས་རྫོང་བོད་ཤར་དཀོན་ནོར་ཨ་རག་ཚད་ཡོད་ཀུང་སིའི་ཁྲིམས་མི་བློ་བཟང་ཚེ་རིང་གིས་ཁེ་ལས་འཕེལ་རྒྱས་ལ་ཁྲལ་འབབ་ཀྱི་རམ་འདེགས་བྱུང་ལུགས་བརྗོད།

འདི་ལོ་ཚུན་དུ། ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་རབ་དང་རིམ་པ་བཏོན་པ་དང་དོན་འཁྱོལ་བྱུང་བ་ལས་རང་ལྗོངས་ཀྱི་ཁེ་ལས་གྱི་ཁུར་པོ་ཡང་དུ་གཏོང་བའི་ཐད་སྒུལ་ནུས་གསར་པ་བསྣན་པ་དང་དུས་མཚུངས་རང་ལྗོངས་ཀྱི་ཁྱད་ལྡན་དཔལ་འབྱོར་གོང་འཕེལ་ལའང་སྐུལ་འདེད་དེ་བས་ནུས་ལྡན་ཐེབས་ཡོད་པ་རེད།

ཕྱོགས་མང་མཉམ་ལས་དང་ཁྲལ་རིན་གཉིས་གཅོག་ལས་དམངས་འཚོར་ཞབས་འདེགས་ཞུ་བ།

དམངས་ལ་ཞབས་འདེགས་ཞུ་བ་དང་དཀའ་གནད་ཏན་ཏིག་བསལ་ཏེ་ཁྲལ་རིན་གཉིས་གཅོག་སྲིད་ཇུས་ཀྱི་ཕན་འབྲས་སྔར་བས་ལེགས་པའི་ངང་འདོན་སྤེལ་ཐུབ་ཆེད། ཉེ་ཆར། མངའ་རིས་ས་ཁུལ་ཁྲལ་དོན་ཅུས་ཀྱིས་མངའ་རིས་ས་ཁུལ་ནོར་སྲིད་ཅུས་དང་ཀྲུང་གོ་མི་དམངས་དངུལ་ཁང་མངའ་རིས་ས་ཁུལ་ལྟེ་བའི་ཉིང་ལག་དངུལ་ཁང་སོགས་ཚན་པ་7དང་མཉམ་འབྲེལ་ཐོག “ནོར་ཁྲལ་མཛོད་དངུལ་མཉམ་གྲོས་མཉམ་སྐྲུན་གྱིས། ཁྲལ་རིན་གཉིས་གཅོག་གིས་དམངས་འཚོར་ཞབས་འདེགས་ཞུ”ཞེས་པའི་མཉམ་སྐྲུན་བྱེད་སྒོ་སྤེལ་བ་རེད།

ཁྲལ་རིན་གཉིས་གཅོག་སྲིད་ཇུས་རང་ལྗོངས་སུ་དོན་འཁྱོལ་ཡོང་རྒྱུར་འགན་ལེན་བྱ་ཆེད། རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱིས་ཁྲལ་འཇལ་བ་དང་རིན་པ་འཇལ་མཁན་གྱི་དགོས་མཁོ་ཕྱོགས་སྟོན་དུ་བཟུང་ནས་སྟབས་བདེའི་བྱ་ཐབས་རབ་དང་རིམ་པ་བཏོན་པ་རེད། གཙོ་ཆེའི་དྲ་ཚིགས་དང་། ཁྲལ་གཉེར་ཞབས་ཞུའི་ཚོམས་ཆེན། ཁྲལ་འཇལ་བའི་སློབ་ཁང་། སྐད་འཕྲིན། དཔོད་ཕྲན། དྲ་ཐོག་ཁྲལ་དོན་ཅུས་སོགས་ཀྱི་ཐབས་ལམ་བརྒྱུད་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་དྲིལ་བསྒྲགས་དང་། བརྙན་ཐུང་དང་། བརྡ་ཁྱབ། དྲིལ་བསྒྲགས་ལག་དེབ་སོགས་བཟོ་རྒྱུར་གནད་སྨིན་ཟུར་ཁྲིད་བྱས་ཏེ་སྲིད་ཇུས་དྲིལ་བསྒྲགས་ཀྱི་ཟུར་ཁྲིད་ཁྱོན་ཡོངས་ལ་ཁྱབ་པར་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།