བོད་ལྗོངས་ཀྱི་ཐོན་ལས་དབུལ་སྐྱོར་གྱིས་ཞིང་འབྲོག་ཁུལ་གྱི“རང་བརྟེན”ནུས་པ་ཆེ་རུ་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཆབ་ནག་ཤང་བྷ་དགའ་གྲོང་ཚོའི་གྲོང་མི་སྐལ་བཟང་འགྱུར་མེད་ནི་ནས་འདེབས་འཛུགས་ཀྱི་དུད་ཚང་ཆེན་པོ་ཞིག་ཡིན། འདི་ལོ་ནས་ལ་ལོ་ལེགས་བྱུང་སྟེ་ཡོང་འབབ་མང་དུ་ཕྱིན་པས། སྐལ་བཟང་འགྱུར་མེད་དེ་བས་སེམས་པ་ཧ་ཅང་སྐྱིད་པོ་ཡོད།

སྐལ་བཟང་འགྱུར་མེད་ཀྱིས“དེ་སྔ་ནས་ཕྱིར་གཏན་ནས་འཚོང་གི་མེད། འོག་ཁང་གི་བང་མཛོད་ནང་བཞག་པས་རྟག་ཏུ་ཙི་ཙི་དང་འབུས་བཟས་ནས་ལོ་རྗེས་མར་ནོར་ལུག་དང་ཕག་པར་སྟེར་རྒྱུ་ལས་མ་འདས་པས་འཕྲོ་བརླག་མང་པོ་འགྲོ་གི་འདུག”ཅེས་བརྗོད་པ་དང་། ཁོང་གིས་འདི་ལོ་ཉེ་འགྲམ་གྱི་ཁོའོ་ཤིན་ཞིང་ལས་ཀུང་སིར་ནས་རྒྱ་མ་7500བཙོངས་པར་ཡོང་འབབ་སྒོར་ཁྲི་1.8བྱུང་ཞེས་བརྗོད་པ་རེད།

སྲིད་གཞུང་གི་ཐོན་ལས་དབུལ་སྐྱོར་གྱི་ཀུང་སི་ཞིག་ཡིན་པའི་བོད་ལྗོངས་ཁོའོ་ཤིན་ཞིང་ལས་ཀུང་སིས་གྲོང་ཚོའི་མཉམ་སྡེབ་ཀྱི་ས་རྒོད་བོཌ་མར་བླངས་ནས། ནས་མ་བཅོས་རྒྱུ་ཆར་བྱས་ཏེ་ནས་ཀྱི་སྲན་སྣུམ་དང་ནས་ཀྱི་བྲོ་སྐྱུར་བཟོ་གི་ཡོད། ཀུང་སིའི་འགན་ཁུར་མི་སྣ་ཝང་ཧྲུའུ་ཝེ་ཡིས“བོད་ནས་མངའ་རིས་ས་ཁུལ་ཕུད་ས་ཆ་ཚང་མར་ཐོན་རྫས་འཚོང་བཞིན་ཡོད། ཟླ་རེར་ཕྱིར་ཚོང་མ་དངུལ་སྒོར་ཁྲི་150ཙམ་ཟིན་གྱི་འདུག”ཅེས་བརྗོད་པ་དང་། ཁོང་གིས་འདི་ལོར་ནས་རྒྱ་མ་ཁྲི་220བེད་སྤྱད་པ་དང་། ནས་ཉོ་སྒྲུབ་དང་། རྔོ་བ། འཐག་པ་བཅས་ཚང་མ་གྲོང་མིས་བྱེད་ཀྱི་ཡོད། སྔོན་དཔག་བྱས་ན་འདི་ལོར་གཏོང་སྒོ་སྒོར་ཁྲི་800ལྷག་ཙམ་ཟིན་བཟོ་འདུག་ཅེས་བརྗོད་པ་རེད།

གྲངས་གཞི་ལས་མངོན་གསལ། བོད་ཀྱིས་ཉེ་བའི་ལོ་ཤས་རིང་ནས་ཐོན་འཕར་ནུས་འཕར་གྱི་འཆར་གཞི་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་ཞིང་2015ལོ་ནས་2018ལོ་བར། འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་194ནས་མུའུ་ཁྲི་212.7བར་འཕར་ནས་འཕར་ཚད་9.6%ཟིན་ཡོད། ཟླ་བརྒྱད་པའི་ཟླ་མཇུག་བར། བོད་དུ་ནས་ལས་སྣོན་ཁེ་ལས་39བར་མང་དུ་ཕྱིན་པ་དང་ནས་ཀྱི་ཐོན་རྫས་སྣ་ཁ་100ལྷག་ཙམ་ཞིབ་འཇུག་གསར་སྤེལ་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།