བོད་ལྗོངས་མངའ་རིས་དང་བོད་དབུས་གློག་དྲ་སྦྲེལ་བའི་ལས་གཞི་སྐྲུན་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས17ཉིན་གྱི་སྔ་དྲོར།  བོད་ལྗོངས་མངའ་རིས་དང་བོད་དབུས་གློག་དྲ་སྦྲེལ་བའི་ལས་གཞི་སྐྲུན་འགོ་ཚུགས་པ་དང་། ལས་གཞི་དེས་རྒྱལ་ཡོངས་ཀྱི་ས་གནས་རིམ་པའི་སྲིད་འཛིན་ཁུལ་གྱི་གློག་དྲ་གཅིག་པུས་གློག་གཏོང་བའི་ལོ་རྒྱུས་མཇུག་སྒྲིལ་རྒྱུ་རེད། ལས་གཞི་བསྐྲུན་རྗེས་འབྲོང་པ་དང་། ས་དགའ། སྐྱིད་གྲོང་། གཉའ་ལམ། སྤུ་ཧྲེང་། སྒེར་རྩེ། མཚོ་ཆེན་སོགས་ཀྱི་རྫོང7ལ་གློག་དྲ་སྦྲེལ་ནས་ལམ་རྒྱུད་ཀྱི་ཞིང་འབྲོག་པ་ཁྲི38ཀྱིས་བརྟན་ལ་བདེ་འཇགས་ཀྱི་གློག་སྤྱོད་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་རྒྱུ་དང་། བོད་ལྗོངས་ཀྱི་གློག་དྲ་གཙོ་བོ་ལྗོངས་ཡོངས་ཀྱི་རྫོང74ཚང་མར་ཁྱབ་ནས་བོད་ལྗོངས་ཀྱི97%གྱི་གློག་སྤྱོད་གནད་དོན་ཐག་གཅོད་ཐུབ་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། མངའ་རིས་དང་བོད་དབུས་གློག་དྲ་སྦྲེལ་བའི་ལས་གཞི་དེ་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་རྡོ་ལིང་ཆན་ཕུའུ220ཡི་གློག་སྒྱུར་ས་ཚིགས་ནས་འགོ་ཚུགས་ཏེ། མངའ་རིས་ས་ཁུལ་སྒར་རྫོང་གི་འབར་ཆན་ཕུའུ220གློག་སྒྱུར་ས་ཚིགས་བར་ཡིན་པ་དང་བོད་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར2ཀྱི་ཆུས་དང་རྫོང10རྒྱུད་ཡོད་པ་དང་ལས་གཞིར་ཁྱོན་མ་དངུལ་སྒོར་དུང་ཕྱུར74བཏང་ལ་གློག་གཏོང་གློག་སྐུད་ཀྱི་རིང་ཚད་སྤྱི་ལེ1689ཡོད་པ་དང་འཆར་གཞི་བྱས་ན2021ལོར་ལས་མཇུག་འགྲིལ་རྒྱུ་རེད།

མངའ་རིས་དང་བོད་དབུས་གློག་དྲ་དྲ་སྦྲེལ་ལས་གཞི་བསྐྲུན་རྗེས་བོད་ལྗོངས་སུ་གཅིག་གྱུར་གློག་དྲ་གྲུབ་ནས་མངའ་རིས་གློག་དྲ་གཅིག་པུས་ཡུན་རིང་གློག་གཏོང་བའི་ལོ་རྒྱུས་མཇུག་སྒྲིལ་རྒྱུ་དང་། མངའ་རིས་ས་ཁུལ་དང་གཞིས་རྩེའི་ནུབ་རྒྱུད་ས་ཁུལ་གྱི་གློག་གཏོང་སྤུས་ཚད་དང་འགན་ལེན་ནུས་པ་མཐོ་རུ་འགྲོ་རྒྱུ། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་སུ་འགྲོ་རྒྱུ། དབུལ་ཐར་མཁྲེགས་གཏོར་དང་དམངས་འཚོ་བཅོས་སྒྱུར་ལ་རོགས་རམ་ཐུབ་རྒྱུ། རྒྱལ་ཁབ་ཀྱི་ནུས་རྒྱུ་བདེ་འཇགས་འགན་ལེན་ཐུབ་རྒྱུ། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་ཞབས་འདེགས་ཧུར་ཐག་བྱ་རྒྱུ། ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་གློག་ཤུགས་འགྲོ་ལམ་ཆེན་པོ་གཏོད་རྒྱུ། མཐའ་འཁོར་རྒྱལ་ཁབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་མཉམ་སྦྲེལ་མཉམ་མཐུད་མངོན་འགྱུར་ཐུབ་རྒྱུ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།