ཟླ་མཆོད་དུས་ཆེན་རིང་བོད་ལྗོངས་ཀྱི་ཡུལ་སྐོར་གྱི་ཡོང་འབབ་བསྡོམས་འབོར་དུས་མཚུངས་ལས20%འཕར་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གི་བསྡོམས་རྩིས་ལྟར་ན། ཟླ་9ཚེས་13ནས་15ཉིན་བར་གྱི་ཟླ་མཆོད་དུས་ཆེན་གྱི་ངལ་གསོའི་རིང་། བོད་ཀྱིས་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་910021ལ་སྣེ་ལེན་བྱས་པ་དེ་དུས་མཚུངས་ལས་18.2%མང་དུ་སོང་བ་དང་། ཡུལ་སྐོར་གྱི་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་25290.43བྱུང་བ་དེ་དུས་མཚུངས་ལས་19.5%འཕར་ཡོད།

འདི་ལོའི་ཟླ་མཆོད་དུས་ཆེན་གྱི་ངལ་གསོར་དམིགས་ཏེ། བོད་ཀྱི་ཡུལ་སྐོར་སྡེ་ཚན་གྱིས་ཡུལ་སྐོར་འཛད་སྤྱོད་ཀྱི་གཏིང་ཤུ་སྔོག་འདོན་གྱིས་ཡུལ་སྐོར་ཐོན་རྫས་ཕུན་སུམ་ཚོགས་སུ་བཏང་བ་དང་། གྲོང་གསེབ་ཀྱི་ཡུལ་སྐོར་དང་། གསར་བརྗེའི་ཡུལ་སྐོར། རིག་གནས་ཡུལ་སྐོར། དམངས་སྲོལ་ཡུལ་སྐོར་སོགས་ཀྱི་རྣམ་གྲངས་ཀྱང་བཏོན་ནས་ཉམས་ལེན་དང་དངོས་སུ་ཞུགས་རྒྱུར་མཐོང་ཆེན་བྱས་ཡོད། ངལ་གསོའི་རིང་། གྲོང་མི་དང་ཡུལ་སྐོར་བ་མི་ཉུང་བ་ཞིག་གིས་གྲོང་གསེབ་ཀྱི་འོང་ཁར་བསྐྱོད་དེ་ས་མཐོའི་སྟོན་ཉམས་ཀྱི་མཛེས་པ་ཉམས་སུ་མྱངས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ཕོ་བྲང་པོ་ཏ་ལ་དང་། གཙུག་ལག་ཁང་། གནམ་མཚོ། ཡར་ཀླུང་གཙང་པོའི་གྲོག་རོང་ཆེ་མོ། ཇོ་མོ་གླང་མ་སོགས་མཛེས་ལྗོངས་ཁུལ་གཙོ་བོ་དག་སྔར་བཞིན་བོད་དུ་ཡོང་མཁན་ཡུལ་སྐོར་བ་ཚོའི་ཡུལ་སྐོར་དམིགས་ས་གཙོ་བོ་ཡིན་པ་དང་། མཚུར་ཕུའི་ལུང་ཤུར་དང་། སྟག་གདོང་གྲོང་ཚོ། བྲག་ཡེར་པ་སོགས་ལྷ་སའི་བྱང་སྐོར་ལམ་གྱི་གྲོང་གསེབ་ཡུལ་སྐོར་ནི་ལྷ་སའི་གྲོང་མི་ཚོའི་ལམ་ཐུང་ཡུལ་སྐོར་དང་གྲོང་འདབས་ཡུལ་སྐོར་བྱ་ཡུལ་ཨང་དང་པོར་གྱུར་ཡོད། འདི་ལོའི་ཟླ་མཆོད་དུས་ཆེན་དེ་བོད་ཀྱི་སྲོལ་རྒྱུན་གྱི་ཆབ་ཞུགས་དུས་ཆེན་འཆར་བ་དང་ཏག་ཏག་འཁེལ་བས། མི་ཚོས་ཆུ་རྩེད་ལ་རོལ་གྱིན་དུས་ཆེན་དགའ་གཏོང་བྱས་ཡོད།

ཉེ་བའི་ལོ་ཤས་རིང་། བོད་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་མྱུར་པོ་སོང་བ་དང་། ཡུལ་སྐོར་བར་སྣེ་ལེན་བྱེད་ནུས་མངོན་གསལ་དོད་པོས་ཆེ་རུ་སོང་བ། “དགུན་དུས་བོད་དུ་ཡུལ་སྐོར་ལ་སྐྱོད་པའི”ཚ་རླབས་རྒྱུན་ཆད་མེད་པར་འཕྱུར་ནས་ཡུལ་སྐོར་གྱི་ཕྱོགས་བསྡུས་ཕན་འབྲས་མངོན་གསལ་དོད་པོས་ཆེ་རུ་སོང་ཡོད། འདི་ལོའི་ལོ་སྟོད་དུ་བོད་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་1340.97ལ་སྣེ་ལེན་བྱས་པར་ཡུལ་སྐོར་གྱི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་149.36བྱུང་ཡོད། ། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།