“ལྗང་མདོག་ཚན་རྩལ”གྱིས་མཚོ་བོད་ས་མཐོར་སྣུམ་ནག་གཞུང་ལམ་འདིང་རྒྱུར་རམ་འདེགས་བྱེད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར། ས་མཐོ་ཁུལ་ལ་སྣུམ་ནག་གནོད་མེད་དུ་འདིང་བའི་གཞུང་ལམ་འགག་རྩའི་ལག་རྩལ་གྱི་ཚན་ཞིབ་རྣམ་གྲངས་ལ་གྲུབ་འབྲས་གསར་པ་ཐོབ་ཅིང་། ཚན་ཞིབ་མི་སྣས་ཁང་པའི་ཕྱི་ནང་གི་ཚོད་ལྟ་དང་ལས་གྲྭ་དངོས་ལ་སྤྱད་པ་བརྒྱུད། ས་མཐོའི་གནམ་གཤིས་ཆ་རྐྱེན་དང་འཕྲོད་པའི་ལམ་ངོས་ཀྱི་གཞི་རྩའི་རྒྱུ་ཆ་དང་སྣུམ་ནག་གཞུང་ལམ་གསར་པ་བསྐྱར་སྤྱོད་བྱེད་རྫས་སོགས་ཞིབ་འཇུག་བཟོ་སྐྲུན་དང་གསར་སྤེལ་བྱས་ཡོད།

ཉེ་ཆར། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་གིས་ལས་རིགས་ནང་ཁུལ་གྱི་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ཏེ། འབྲེལ་ཡོད་ཀྱི་ཞིབ་འཇུག་བྱས་འབྲས་ལ་གདེང་འཇོག་བྱས་ཤིང་། རིགས་གཅིག་མཁས་ཅན་གྱིས་རྣམ་གྲངས་དེར་མཚོ་སྔོན་ཞིང་ཆེན་གྱི་གཞུང་ལམ་འཛུགས་སྐྲུན་དང་ཁོར་ཡུག་མཐུན་སྦྱོར་འཕེལ་རྒྱས་ཐད་ནུས་པ་གལ་ཆེན་ཐོན་པའི་ངོས་འཛིན་བྱས་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། 2014ལོའི་ཟླ་7པར། ཞིབ་འཇུག་རྣམ་གྲངས་དེ་རྣམ་གྲངས་ནང་ཚུད་རྒྱུའི་རེ་ཞུ་བྱས་ཏེ་དུས་ཡུན་ལོ་5སོང་རྗེས་ལེགས་སྒྲུབ་བྱུང་བ་དང་། ཚན་ཞིབ་གྲོན་དངུལ་སྒོར་ཁྲི་1500ལྷག་ཙམ་བཏང་བ། ལས་གྲྭར་མ་འཇོག་སྒོར་དུང་ཕྱུར་6ལྷག་ཙམ་བྱས་ཡོད། མིག་སྔར་རྒྱལ་ཁབ་རིམ་པའི་ཨར་སྐྲུན་བྱ་ཐབས་རྣམ་གྲངས་1ལ་ཆོག་མཆན་ཐོབ་པ་དང་། ཁེ་བེད་བདག་ཐོབ་ཀྱི་རྣམ་གྲངས་8ལ་དབང་ཆ་ཐོབ་པ། མཉེན་ཆས་ཀྱི་རྩོམ་དབང་3ཐོ་འགོད་བྱས་པ། དཔྱད་རྩོམ་17སྤེལ་བ་བཅས་བྱས་པ་མ་ཟད། ཞིབ་འཇུག་བྱས་འབྲས་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་ཨ་མའི་ཐོག་བེད་སྤྱོད་བྱས་ཡོད་པ་རེད།

རྣམ་གྲངས་ཀྱི་དཔེ་སྟོན་ལམ་དུམ་གཙོ་གནད་ཀྱི་གྲས་ཤིག་ཡིན་པའི་ངོས་ནས་བརྗོད་ན། མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་རྫོང་ནས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡུལ་ཤུལ་གྲོང་ཁྱེར་བར་གྱི་གསེར་ཡུལ་མྱུར་བགྲོད་གཞུང་ལམ་དེ་ནི་མཚོ་བོད་ས་མཐོའི་ལོ་མང་གི་འཁྱགས་སའི་ཁུལ་འཛུགས་སྐྲུན་གྱི་ས་བབ་མཐོ་བ་དང་། གྲང་ངར་ཆེ་བ། མྱུར་ཚད་མགྱོགས་པ་བཅས་ཀྱི་གཞུང་ལམ་ཐོག་མ་དེ་རེད། ལམ་དུམ་དེར་ཚན་ཞིབ་མི་སྣས་དྲོད་ཚད་དམའ་བའི་ཁོར་ཡུག་ལ་གཞི་ཚུགས་ཏེ་ཤུགས་ཚད་ཆེ་བ་དང་། ལམ་སྤྱོད་ནུས་པ་ཆེ་བ། སྤྱོད་ཤན་ཆེ་བ་བཅས་ཀྱི་གནས་དེ་གར་བསྐྱར་སྤྱོད་ཐུབ་པའི་རྨང་གཞིའི་རྒྱུ་ཆ་ཞིབ་བཟོ་བྱས་པ་དང་། ས་མཐོའི་ས་ཁུལ་གྱི་དྲོད་ཚད་ཧེ་བག་ཆེ་བ་དང་། སྨུག་ཕྱིའི་འོད་འཕྲོ་ཤུགས་ཆེ་བ། ལྷགས་རླུང་ལྡང་ཤུགས་ཆེ་བ་བཅས་ལས་བསྐྱར་སྤྱོད་སྣུམ་ནག་མཉམ་འདྲེས་རྒྱུ་ཆའི་ལམ་སྤྱོད་ནུས་པ་དང་ཨར་སྐྲུན་སོགས་ལ་ཤུགས་རྐྱེན་བཟོ་བར་དམིགས་ཏེ། བསྐྱར་སྤྱོད་ཕན་འབྲས་ལེགས་པ་དང་། རྙིང་འགོག་ནུས་པ་ཆེ་བ། དལ་འབྱར་ནུས་པ་ལྡན་པ་བཅས་ཀྱི་སྣུམ་ནག་བསྐྱར་སྤྱོད་བྱེད་རྫས་གསར་པ་གསར་སྤེལ་བྱས་ཡོད།

ཧྥང་ཅན་ཧུང་གིས“ས་མཐོའི་སྣོད་བཅུད་ཁོར་ཡུག་ལ་གཏོར་སྐྱོན་མི་ཕོག་པ་དང་། གཙང་པོ་དང་ཆུ་བོའི་འབྱུང་རྩར་སྦགས་བཙོག་མི་བཟོ་བ། བདག་ཏུ་མི་བཟུང་བའི་སྲོག་ཆགས་གནས་སྤོ་བྱེད་པར་འགོག་རྐྱེན་མི་བཟོ་བ། རང་བྱུང་ཡུལ་ལྗོངས་ལ་ཤུགས་རྐྱེན་མི་ཐེབས་པ་བཅས་ནི་ང་ཚོས་སྔ་བར་ཕྱི་གསུམ་དུ་ཚན་ཞིབ་དང་འཛུགས་སྐྲུན་བྱེད་པའི་འདུ་ཤེས་ཤིག་ཡིན”ཞེས་བརྗོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།