མང་ཚོགས་ཀྱི་དུས་ཆེན། ལུས་རྩལ་གྱི་འདུ་ཚོགས།

——གཞིས་རྩེ་གྲོང་ཁྱེར་གྱི་སྐབས་དང་པོའི་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས།    

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། དུས་ཡུན་ཉིན་གསུམ་ཡིན་པའི་གཞིས་རྩེ་གྲོང་ཁྱེར་གྱི་སྐབས་དང་པོའི་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་འགོ་ཚུགས་ཤིང་། སྟོན་ཟླ་དང་པོའི་གཞིས་རྩེ་གྲོང་ཁྱེར་ལུས་རྩལ་ཐང་དུ་སེམས་འགུལ་ཐེབས་ཤིང་ངར་ཤ་སྐྱེ་བའི་རོལ་དབྱངས་ཀྱི་སྒྲའི་ཁྲོད་རྒྱལ་དར་རུ་ཁག་དང་། ཚོགས་རྟགས་རུ་ཁག དར་དམར་རུ་ཁག རྫོང་དང་ཆུས་ཁག་གི་ཞིང་འབྲོག་པའི་ལུས་རྩལ་འཐུས་མི་རུ་ཁག་བཅས་རེ་རེ་བཞིན་འཛུལ་ཡོང་བ་དང་། རྣམ་པར་བཀྲ་བའི་མི་རིགས་ཀྱི་གྱོན་ཆས་དང་། དགའ་སྤྲོ་འཁོལ་བའི་ངང་འགྲན་རར་འཛུལ་བའི་ཞབས་བྲོ། སྐད་གསང་མཐོན་པོའི་འབོད་ཚིག་བཅས་ལས་ལུས་རྩལ་འགྲན་བསྡུར་བྱ་ཡུལ་དུ་ཡོད་པའི་ལྟད་མོ་བ་ཚོ་དུས་ཆེན་གྱི་དགའ་སྤྲོའི་དཔལ་ལ་རོལ།

1.jpg

ལུས་རྩལ་ནི་ཞིང་འབྲོག་པའི་འབྲེལ་གཏུག་དང་སྤེལ་རེས་ཀྱི་སྒྲོག་ཐག་ཅིག་ལ་གྱུར་པ་དང་། འགྲན་ར་ནི་མང་ཚོགས་ཚོའི་སྤྲོ་སེམས་འཕེལ་ས་དང་མཛའ་གྲོགས་ཟབ་ཏུ་གཏོང་བའི་ལས་སྟེགས་ཤིག་ལ་གྱུར་ཡོད།

དེ་ནི་མཐུན་སྒྲིལ་གྱི་ལུས་རྩལ་འདུ་ཚོགས་ཤིག་རེད་ལ། གཞིས་རྩེ་གྲོང་ཁྱེར་གྱི་མི་དམངས་དང་ལྷག་པར་དུ་ཞིང་འབྲོག་མང་ཚོགས་རྣམས་སྤོབས་པ་སྐྱེ་འོས་པ་དང་བརྗེད་པར་དཀའ་བའི་མང་ཚོགས་ཀྱི་ལུས་རྩལ་བྱེད་སྒོ་ཞིག་ཀྱང་རེད། དེར་དོན་སྙིང་གལ་ཆེན་ལྡན་པ་དང་། ཤུགས་རྐྱེན་གཏིང་ཟབ་ལྡན་པ། དོ་སྣང་ཆེན་པོ་བྱེད་པ། དགའ་བསུ་ཆེན་པོ་ཐོབ་པ་བཅས་རེད།

2.jpg

ཉིན་གསུམ་རིང་། གཟབ་ཅིང་རྒྱས་ལ་སྤྲོ་སེམས་འཁོལ་བའི་འགོ་འཛུགས་མཛད་སྒོ་ཡིན་ནའང་འདྲ། ཡང་ན་ཛ་དྲག་ཆེ་བའི་འགྲན་བསྡུར་བྱ་ཡུལ་ཡིན་ནའང་འདྲ། གང་སར་ལུས་རྩལ་པའི་སེམས་ཤུགས་དང་སྙིང་རུས་ཆེན་པོས་བརྩོན་ལེན་བྱེད་པའི་རྣམ་པ་མངོན་ཞིང་། ཤན་འབྱེད་པ་ཚོས་ཚན་རིག་དང་མཐུན་པའི་སྒྲིག་འཛུགས་དང་གཞུང་དྲང་ངང་ཤན་འབྱེད་བྱས་ཏེ། ལུས་རྩལ་འགྲན་ཚོགས་ཀྱི་གྲུབ་འབྲས་གཞུང་དྲང་དང་གནད་འཁེལ་ཡོང་བའི་འགན་ལེན་བྱས་པ་དང་། རྩལ་ཁྲིད་པ་ཚོས་རུ་ཁག་འཛུགས་པ་ནས་དམིགས་སའི་རང་བཞིན་གྱི་སྦྱོང་བརྡར་བྱེད་པའི་བར་དང་། འགྲན་བསྡུར་གྱི་གྲ་སྒྲིག་བྱེད་པ་ནས་འགྲན་བསྡུར་ལ་ཞུགས་པའི་བར་ཚན་རིག་དང་མཐུན་ལ་གཟབ་ཅིང་ནན་པའི་སྒོ་ནས་འགོ་འཛུགས་ས་དམའ་པོ་ཡིན་ནའང་རེ་བ་མཐོ་པོ་ཞིག་བཏོན་ཏེ་ལུས་རྩལ་པ་ཡོངས་རྫོགས་དུས་ཐུང་ནང་ཡར་རྒྱས་མངོན་གསལ་དོད་པོ་ཡོང་བར་བྱས། རུ་སྣེ་ཁྲིད་མཁན་གྱིས་ཧུར་ཐག་འབད་ཐག་དང་ངལ་བ་དང་འཁང་ར་གཉིས་བཟོད་བྱས་པས་སྐབས་འདིའི་ལུས་རྩལ་འགྲན་ཚོགས་ཞི་མཐུན་བདེ་བླག་ཡོང་བའི་འགན་ལེན་བྱས་ཡོད།

3.jpg

timg.jpg

“སྐབས་འདིའི་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་ཐོག གཞིས་རྩེ་གྲོང་ཁྱེར་གྱི་ཞིང་འབྲོག་པའི་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་ཆེ་གྲས་ཀྱི་ལུས་རྩལ་འགྲན་བསྡུར་གྱི་འགོ་གསར་པ་བཙུགས་པས། གཞིས་རྩེ་གྲོང་ཁྱེར་གྱི་ཞིང་འབྲོག་པའི་ལུས་རྩལ་པ་ཚོའི་མཐུན་སྒྲིལ་འབད་འཐབ་ཀྱི་བསམ་བློའི་ཉམས་འགྱུར་གང་ལེགས་མངོན་པ་དང་། ‘ལུས་རྩལ་བྱེད་སྒོ་གོང་དུ་སྤེལ་ནས་མི་དམངས་ཀྱི་གཟུགས་གཞི་ཐང་དུ་གཏོང་བའི’བརྗོད་དོན་གཙོ་བོ་གང་ལེགས་མངོན་པ། ‘བློ་བརྟན་འགྱུར་མེད་དང་། བརྗིད་ཉམས་ཆེ་ཞིང་གཉའ་མི་ཁུམ་པ། དྲིན་ཚོར་ཡར་ཐོན། སྔོན་དུ་བྱེད་ཕོད་པ’བཅས་ཀྱི་ཇོ་མོ་གླང་མའི་སྙིང་སྟོབས་གང་ལེགས་མངོན་པ་མ་ཟད། གཞུང་དྲང་དང་། དྲང་གཞག དྲང་བདེན་བཅས་འགྲན་བསྡུར་གྱི་རྩ་དོན་བདེན་དཔང་གང་ལེགས་བྱས་ཡོད”།

4.jpg

5.jpg

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།