ལྷ་ས་གྲོང་ཁྱེར་གྱིས་བྱུག་རྫས་ཀྱི་ལྟ་སྐུལ་འཐེན་བཤེར་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བྱུག་རྫས་ཀྱི་ལྟ་སྐུལ་དོ་དམ་འགན་འཁྲི་ལག་བསྟར་ཏན་ཏིག་བྱས་ནས་བྱུག་རྫས་ལ་ལྟ་འདོམས་ཤུགས་ཆེན་བྱ་ཆེད། 2019ལོའི་རྒྱལ་ཁབ་ཀྱི་བྱུག་རྫས་ལྟ་སྐུལ་འཐེན་བཤེར་ལས་དོན་གྱི་འབྲེལ་ཡོད་བླང་བྱ་གཞིར་བཟུང་། འདི་ལོའི་ཟླ་3པ་ནས་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། འཆར་གཞི་ཡོད་པ་དང་གོ་རིམ་ལྡན་པའི་ངང་རྒྱལ་ཁབ་ཀྱི་བྱུག་རྫས་ལྟ་སྐུལ་དོ་དམ་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ་རེད།

ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཁྲིམས་གཏན་འཁེལ་བའི་ལྟ་སྐུལ་འཐེན་བཤེར་གོ་རིམ་ལ་ནན་པོར་གཞིགས་ནས། མ་དཔེ་འདེམས་པ་དང་། མ་དཔེ་གཏན་འཁེལ། ཨང་རྟགས་འགོད་པ། མ་དཔེ་ཉར་ཚགས་བཅས་བྱས་ཏེ་མ་དཔེ་འཐེན་བཤེར་གྱི་རིགས་དང་། ཁ་གྲངས། དཔྱད་གཞི་བཅས་བླང་བྱ་དང་མཐུན་པའི་འགན་ལེན་བྱས་ནས། མ་དཔེ་འཐེན་བཤེར་ལས་དོན་གྱི་སྤུས་ཚད་འགན་ལེན་བྱས་པ་རེད།

སླད་ཕྱིན། སྐྲ་སུ་ལུ་བཟོ་བ་དང་གདོང་དཀར་པོ་བཟོ་བའི་རིགས་དང་དེ་བཞིན་སོ་སྨན་སོགས་ཐོན་རྫས་ཀྱི་ཞིབ་བཤེར་ལས་དོན་མུ་མཐུད་སྤེལ་ཏེ་ཚད་ལྡན་མེད་པའི་ཐོན་རྫས་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་ནུས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱིས་བྱུག་རྫས་བདེ་འཇགས་ངང་སྤྱོད་ཐུབ་པའི་འགན་ལེན་ནུས་ལྡན་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།