དམངས་ལ་བློ་སེམས་དཀར་བའི་མངགས་གཏོང་ཁང་ཆུང་ཆུང་།

ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་གི་ངར་རབ་མངགས་གཏོང་ཁང་ནི་རྒྱ་ཆེན་པོ་མེད་ཀྱང་ལས་འགན་ཧ་ཅང་ལྕི་ཞིང་། སྲིད་འཛིན་གྲོང་ཚོ་14དང་། ཆུ་ཤུགས་གློག་ཁང་3རྣམ་གྲངས་པུའུ་13བཅས་ཀྱི་བདེ་འཇགས་སྲུང་སྐྱོང་གི་ལས་འགན་འཁུར་བཞིན་ཡོད་པ་རེད།

ཉེ་བའི་ལོ་ཤས་རིང་། མངགས་གཏོང་ཁང་དེས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། བློ་གཅིག་སེམས་གཅིག་གིས་དུས་རབས་གསར་པའི་སྤྱི་བདེའི་ལས་དོན་གྱི་མང་ཚོགས་ལམ་ཕྱོགས་ལག་བསྟར་བྱས་ནས“བདེ་འཇགས་ཆ་འཕྲིན་པའི”ལམ་ལུགས་དང“རིམ་བཞིའི་གྲལ་བཤེར”ལམ་སྲོལ་བཙུགས་ཤིང་། “བུད་མེད་ཀྱི་མཉམ་འབྲེལ་འགོག་སྲུང་རུ་ཁག”བཙུགས་པ་དང་། མཉམ་འགོག་མཉམ་བཅོས་ཀྱི“དུས་བདེའི་དྲ་བ”བཙུགས་ནས་ཡུལ་དེའི་བདེ་སྲུང་གི་་དམག་འཐབ་མཁར་རྫོང་བརྟན་པོ་ཞིག་བསྐྲུན་ཡོད།

འབྲེལ་གཏུག་གཱ་སྤྲད་དེ་སྒོ་ཁར་བསྐྱོད་ནས་ཞབས་འདེགས་ཞུས་པ།

ངར་རབ་གྲོང་རྡལ་ཐང་སྨད་གྲོང་ཚོའི་མང་ཚོགས་ཚང་མའི་ཁྱིམ་གྱི་སྒོ་སྟེང་དུ“དམངས་ཕན་འབྲེལ་གཏུག་གཱ”སྦྱར་ཞིང་། དེའི་ངོས་སུ་ཁོངས་གཏོགས་ཁུལ་གྱི་མི་དམངས་ཉེན་རྟོག་པའི་མིང་དང་། འབྲེལ་གཏུག་ཁ་པར་སོགས་གསལ་བོར་བྲིས་པ་རེད།

འདི་ལོའི་ཟླ་5པར་བསོད་ནམས་གྲོང་ཚོའི་མང་ཚོགས་པད་མ་ཚེ་རིང་གིས་གྲོང་ཚོའི་མི་དམངས་ཉེན་རྟོག་པ་པད་མ་དོན་གྲུབ་ལ་རང་ཁྱིམ་གྱི་གཡག་གཅིག་བསོད་ནམས་རོང་ནས་བརླགས་སོང་ཞེས་སྙན་སེང་ཁ་པར་བརྒྱབ། ཁ་པར་འབྱོར་རྗེས་མངགས་གཏོང་ཁང་གིས་དེ་མུར་མི་དམངས་ཉེན་རྟོག་པ་བཏང་ནས་པད་མ་ཚེ་རིང་གི་གཡག་འཚོལ་རོགས་བྱས། དེ་རྗེས་སུ་གཡག་རང་དགར་ཁྱིམ་དུ་ལོག་པ་དང་། ཚང་མ་དགའ་ཐག་ཆོད་དེ་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར།

མིག་སྔར་ཉེན་རྟོག་ཁང་གི་མི་དམངས་ཉེན་རྟོག་པ་ཚང་མས“མི་དམངས་ཉེན་རྟོག་པའི་APP”སྤྱོད་བཞིན་ཡོད་ལ། ད་ལོ་ཁོ་ནར་སྤྱི་ཚོགས་ཀྱི་ཆ་འཕྲིན་24471བསྡུ་རུབ་བྱས་ནས་ཁོངས་གཏོགས་ཁུལ་གྱི་གནས་ཚུལ་མཐིལ་རྟོགས་ཁ་གསལ་ཐུབ་པ་རེད།

ལམ་སྲོལ་དེ་བས་འཐུས་སྒོ་ཚང་དུ་བཏང་བས་མི་སེར་གྱི་དགའ་བསུ་ཐོབ་པ།

ཉེ་བའི་ལོ་ཤས་རིང་། ངར་རབ་གྲོང་རྡལ་གྱི་ཉེ་འཁོར་དུ་གློག་ཁང་དང་ལྕགས་ལམ་སོགས་ལས་གྲྭ་མང་པོ་བསྐྲུན་ནས་ཕྱིའི་ལས་མི་མང་པོ་འདུས་པས། “འགྱངས་ཆད་གཉིས”ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ངར་རབ་གྲོང་རྡལ་མངཌ་གཏོང་ཁང་གི་ལས་དོན་གལ་ཆེན་དུ་གྱུར།

བདེ་སྲུང་ལས་ཀའི་ཉམས་མྱོང་ཕྱོགས་སྡོམ་བྱས་པའི་རྨང་གཞིའི་ཐོག་སུའོ་དེས་དུས་བཀག་ཐོག་རྣམ་གྲངས་ཀྱི་འགན་འཁུར་བ་བཙལ་ནས་ལས་གྲྭའི་དངུལ་གཤམ་སྤྲོད་གནས་ཚུལ་ཤེས་རྟོགས་དང་། ཨར་ལས་རུ་ཁག་གི་འགན་འཁུར་བ་བཙལ་ནས་ལས་གྲྭའི་དངུལ་སྤྲད་ཚུལ་ཤེས་རྟོགས། ལས་མི་རུ་ཁག་བཙལ་ནས་ལས་མིའི་གླ་ཆ་སྤྲད་ཚུལ་ཤེས་རྟོགས། ལས་མི་བཙལ་ནས་གླ་ཆ་སྤྲད་ཚུལ་རྒྱུས་ལོན་བཅས་ཀྱི“རིམ་བཞིའི་གྲལ་བཤེར”ལམ་སྲོལ་བཙུགས་པ་རེད།

སེམས་རྩ་འཁོལ་པོས་མང་ཚོགས་ལ་ཞབས་འདེགས་ཞུས་པ།

“འགལ་ཟླ་རང་ཉིད་ཀྱིས་ཐག་གཅོད་དང་། བདེ་འཇགས་ལ་གནོད་པའི་གནས་ཚུལ་གཏན་འགོག ཞབས་འདེགས་ཧུར་ཐག་ཞུ་བ”བཅས་ནི་ངར་རབ་གྲོང་རྡལ་མངགས་གཏོང་ཁང་གིས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་དོན་ཡིན་པ་རེད།

མངགས་གཏོང་ཁང་གི་འབད་བརྩོན་འོག་གོང་རིམ་སྡེ་ཚན་གྱིས་སྒོར་ཁྲི་18སྤྲད་དེ་དམངས་ཕན་ཞབས་ཞུའི་ལྟེ་གནས་ཀྱི་སྒྱུར་བཀོད་རིམ་སྤོར་བྱས་ཤིང་། བཟོ་བཅོས་བརྒྱབ་རྗེས་ཀྱི་དམངས་ཕན་ཞབས་ཞུའི་ལྟེ་གནས་དང་མངགས་གཏོང་ཁང་གི་སྡོད་བྱའི་ཁང་གཉིས་ལྷན་དུ་སྦྲེལ་ནས་ཆུ་ཚོད་24རིང་ཞབས་འདེགས་ཞུ་ཐུབ་པ་རེད།

“ཞབས་ཞུ་ཡག་པོ་ཞུས་པར་བརྟེན་མང་ཚོགས་ཚོས་ང་ཚོར་དགའ་པོ་བྱེད་ལ། ང་ཚོས་རྟག་ཏུ་མང་ཚོགས་ལ་བྱ་བ་མང་པོ་བསྒྲུབས་པས་མང་ཚོགས་ཀྱིས་ང་ཚོར་ཡིད་ཆེས་བྱེད་པ་མ་ཟད། དཀའ་ངལ་ཅི་འདྲ་འཕྲད་ནའང་ང་ཚོ་འཚོལ་གྱི་ཡོད”ཅེས་རྫམ་གློག་ཁང་དམངས་ཕན་ཞབས་ཞུའི་ས་ཚིགས་ཀྱི་ཀྲན་ཀྲང་སྐལ་བཟང་བསམ་གྲུབ་ཀྱིས་དེ་ལྟར་བཤད།

“མང་ཚོགས་བློ་ཡིད་ཚིམ་པ་ནི་ང་ཚོའི་ལས་སྒྲུབ་ཀྱི་སྒུལ་ཤུགས་ཡིན། གོམ་སྟབས་རྗེས་མར་ང་ཚོས་མང་ཚོགས་ལམ་ཕྱོགས་མུ་མཐུད་རྒྱུན་འཁྱོངས་ཀྱིས་ལས་དོན་ཁག་སྔར་བས་ཡག་པོ་བསྒྲུབ་རྒྱུ་ཡིན”ཞེས་སུའོ་ཀྲང་ཆོས་འཕེལ་གྱིས་བཤད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།