བོད་ལྗོངས་ཉིང་ཁྲིས་ཡར་ཀླུང་གཙང་པོའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་དུས་ཆེན་སྤེལ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར“མི་ཡུལ་གྱི་དག་ཞིང་། མཛེས་སྡུག་གི་ཉིང་ཁྲི”ཞེས་པ་བརྗོད་དོན་གཙོ་བོར་བཟུང་བའི2019ལོའི་བོད་ལྗོངས་ཉིང་ཁྲིའི་ཡར་ཀླུང་གཙང་པོའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་དུས་ཆེན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་དང་ཉིང་ཁྲིའི་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་ཅི་ནན་གྲོང་ཁྱེར་ཆོན་ཁྲེང་ཐང་ཆེན་དུ་ཚོགས་པ་རེད།

ཚོགས་འདུ་ཁྲོད་ཅི་ནན་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཡན་ཞན་ཧྥིན་གྱིས་ཉིང་ཁྲིའི་ཡུལ་སྐོར་འོས་སྦྱོར་འཐུས་མི་ཚོགས་པར་སྤྲོ་སེམས་འཁོལ་བའི་སྒོ་ནས་དགའ་བསུ་བྱས་པ་དང་མཉམ་དུ་ཡུལ་སྐོར་ལས་རིགས་གཅིག་པས་ཅི་ནན་དང་ཉིང་ཁྲི་བར་གྱི་ཡུལ་སྐོར་མཉམ་ལས་ཐད་ཤུགས་སྣོན་བརྒྱབ་ནས་ས་གནས་གཉིས་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་འབོད་སྐུལ་བྱས།  དེའི་རྗེས་སུ་ཉིང་ཁྲི་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱི་ཏང་རྩ་འཛུགས་ཁོངས་མིའམ་ཅུས་ཀྲང་གཞོན་པ་ཡུས་ཝུའེ་ཏུང་གིས་ཉིང་ཁྲིའི་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་དང་ཉེ་བའི་ལོ་ཤས་རིང་ལ་ཉིང་ཁྲིའི་ཡུལ་སྐོར་ལ་ཐོབ་པའི་གྲུབ་འབྲས་ངོ་སྤྲོད་བྱས་པ་དང་ཆབས་ཅིག་ཏུ2019ལོའི་བོད་ལྗོངས་ཉིང་ཁྲིའི་ཡར་ཀླུང་གཙང་པོའི་རིག་གནས་ཡུལ་སྐོར་དུས་ཆེན་བྱ་འགུལ་གྱི་གསར་འགྱུར་ཡོངས་བསྒྲགས་བྱས་པ་དང་། ལྷག་བསམ་ཟོལ་མེད་ངང་ཅི་ནན་དང་ཧྲན་ཏུང་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་ཉིང་ཁྲིར་བསྐྱོད་པ་དང་ལྟ་སྐོར་བྱེད་པ། དངོས་སུ་ཉིང་ཁྲིའི་སྐྱེ་ཁམས་མཛེས་ཉམས་དང་། མི་ཆོས་མཛེས་ཉམས། འཆམ་མཐུན་མཛེས་ཉམས་སོགས་ཉམས་སུ་མྱོང་བར་གདན་ཞུ་བྱས་པ་རེད། 

རྒྱུས་ལོན་བྱུང་བར་གཞིགས་ན། 2019ལོའི་བོད་ལྗོངས་ཉིང་ཁྲིའི་ཡར་ཀླུང་གཙང་པོའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་དུས་ཆེན་ཟླ9བའི་ཚེས26—ཟླ9བའི་ཚེས30ཉིན་ཉིང་ཁྲི་གྲོང་ཁྱེར་ནས་གཟབ་རྒྱས་ངང་སྤེལ་རྒྱུ་ཡིན་པ་དང་། དུས་ཆེན་སྐབས་སུ་འགོ་རྩོམ་མཛད་སྒོ་དང་། 9·27འཛམ་གླིང་ཡུལ་སྐོར་ཉིན་མོའི་ཉམས་ལེན་བྱ་འགུལ། རྒྱལ་ཡོངས་ཡིག་གཟུགས་མཁས་ཅན་ཀྱི་བརྩམས་ཆོས་སྤེལ་རེས་འགྲེམས་སྟོན། ཡར་ཀླུང་གཙང་པོའི་མཚན་མོའི་ཉིང་ཁྲིའི་སྦི་རག་རོལ་དབྱངས་དུས་ཆེན། 2019ལོའི་ཉིང་ཁྲིའི་རིག་གནས་གསར་གཏོད་ཐོན་རྫས་བརྩམས་ཆོས་འགྲེམས་སྟོན་དང་ཐོན་རྫས་ཇུས་འགོད་འགྲན་བསྡུར་གྱི་བྱ་དགའ་སྟེར་བའི་མཛད་སྒོ་སོགས་ཀྱི་བྱ་འགུལ་རིགས9སྤེལ་རྒྱུ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།