རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པའི་ཐོག་བོད་ལྗོངས་ཀྱི་འཐུས་མི་ཚོགས་པའི་འཁྲབ་སྟོན་རྣམ་གྲངས10ཚང་མར་བྱ་དགའ་ཐོབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པའི་འཁྲབ་སྟོན་རྣམ་གྲངས་ཀྱི་བྱ་དགའ་སྤྲོད་པའི་དགོང་ཚོགས་ཀྲེང་ཀྲོའུ་རུ་གཉེར་བ་རེད། བོད་ཀྱི་འཐུས་མི་ཚོགས་པའི་རྡོ་སྒོར་དང་། རྡོ་འགྱོགས། བི་ཞུ། མི་རིགས་ཀྱི་སྲོལ་རྒྱུན་རྟ་རྩལ། བྲང་བཀར་ཐག་བཞུད་སོགས་རྣམ་གྲངས་དྲུག་ལ་བྱ་དགའ་རིམ་པ་དང་པོ་ཐོབ་པ་དང་དེ་དང་ཆབས་ཅིག་བྱ་དགའ་རིམ་པ་གཉིས་པ་2དང་རིམ་པ་གསུམ་པ་2ཐོབ་པས་སྐབས་འདིའི་ལུས་རྩལ་འགྲན་ཚོགས་ལ་ཞུགས་པའི་འཁྲབ་སྟོན་རྣམ་གྲངས10ཚང་མར་བྱ་དགའ་ཐོབ་ཡོད་པ་རེད།

སྐབས་འདིའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཀྱི་འཁྲབ་སྟོན་རྣམ་གྲངས་ཀྱི་འགྲན་བསྡུར་ཟླ་9ཚེས་9ནས་14ཉིན་བར་བྱས་པ་དང་། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། ཐད་གཏོགས་གྲོང་ཁྱེར། རང་སྐྱོང་ལྗོངས་བཅས་32ཀྱི་རྣམ་གྲངས་185འགྲན་བསྡུར་ནང་ཞུགས་པ་རེད། བོད་ཀྱི་འཐུས་མི་ཚོགས་པའི་འཁྲབ་སྟོན་རྣམ་གྲངས་10ཡིས་མི་རིགས་ཀྱི་རྒྱན་གོས་དང་འཚོ་བའི་གོམས་གཤིས་སྒྱུ་རྩལ་འཁྲབ་སྟོན་དང་ཟུང་དུ་འབྲེལ་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་དང་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་གང་ལེགས་མངོན་པར་བྱས་ཡོད།

ད་ཐེངས་རང་ལྗོངས་ལ་བྱ་དགའ་རིམ་པ་དང་པོ་ཐོབ་པའི་འཁྲབ་སྟོན་རྣམ་གྲངས་བྲང་བཀར་ཐག་བཞུད་ནི་གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་བྲག་མཇུག་ཤང(གདོང་སྣ་ཤང)གི་དམངས་ཁྲོད་སྲོལ་རྒྱུན་གྱི་དཀའ་ཚད་ཆེ་བའི་རྩལ་རྩེད་ཅིག་ཡིན་པ་དང་འབྲེལ། 2010ལོར་བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ནང་བཅུག་ཡོད། ད་ཐེངས་རྣམ་གྲངས་དེ་གདོད་མའི་རྣམ་པའི་ཐོག་ནས་འགྲན་བསྡུར་ལ་ཞུགས་ཐེངས་ཐོག་མ་ཡིན་པས་ཕྱོགས་ཁག་གི་དོ་ཁུར་ཆེན་པོ་ཐོབ་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།