ཞོ་སྟོན་དུས་ཆེན་ལ་ལྷ་ས་ཡིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི346.93སྣེ་ལེན་བྱས།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན་གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ཞོ་སྟོན་དུས་ཆེན་ལ་ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་བསྡོམས་པས་མི་ཐེངས་ཁྲི346.93ལྷག་ཙམ་སྣེ་ལེན་བྱས་པ་དང་དུས་མཚུངས་ལས20.05%འཕར་ཡོད། དེའི་ནང་ཉིན་གཅིག་ལ་ལྟ་སྐོར་བྱེད་པའི་ཡུལ་སྐོར་བ་མི་ཐེངས་ཁྲི278.24ཟིན་པ་་དང་དུས་མཚུངས་ལས19.48%འཕར་ཡོད། ཞག་སྡོད་ཡུལ་སྐོར་བ་མི་ཐེངས་ཁྲི39ཟིན་པ་དུས་མཚུངས་ལས22.39%འཕར་ཡོད་པ་རེད། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར12.13ཟིན་ལ་དུས་མཚུངས་ལས23.65%འཕར་ཞིང་། ལྷག་པར་དུ་ཞང་ཀང་གི་ཡུལ་སྐོར་བ318དང་། ཐའེ་ཝན་གྱི་ཡུལ་སྐོར་བ342 ། ཨའོ་མོན་གྱི་ཡུལ་སྐོར་བ160བཅས་སྣེ་ལེན་བྱས་པ་རེད།

 ད་ལོའི་ཞོ་སྟོན་དུས་ཆེན་སྐབས་ཀྱི་བྱ་འགུལ་ཁྲོད“སྲིད་གཞུང་གིས་གཙོ་ཁྲིད་དང་། ཁྲོམ་རའི་འཁོར་སྐྱོད། ཁེ་ལས་ཞུགས་པ”བཅས་ཀྱི་རྣམ་པའི་ངང་“རིག་གནས་དང་། ལུས་རྩལ། ཡུལ་སྐོར། ཐོན་ལས”བཅས་ཟུང་དུ་འབྲེལ་ནས་ལྷ་སའི“དུས་ཆེན་དཔལ་འབྱོར”འཕེལ་རྒྱས་ཐད་ཤུགས་ཆེན་པོ་བཏང་སྟེ། ཕྱོགས་ཡོངས་ནས་ཡུལ་སྐོར་བར་ལྷ་སའི་ལོ་རྒྱུས་རིག་གནས་དང་། མི་རིགས་གོམས་གཤིས། དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་འཁོར60རིང་གི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་སོགས་བསྟན་པ་རེད།

དུས་ཆེན་སྐབས་སུ་ད་དུང་སྲོལ་རྒྱུན་གྱི་འབྲས་སྤུངས་དགོན་པས་གོས་སྐུ་བཤམས་པ་དང་། རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དང་། ནོར་བུ་གླིང་ག  ལྗོངས་མང་ཚོགས་སྒྱུ་རྩལ་ཁང་སོགས་སུ་ལྷ་མོའི་ཟློས་གར་འཁྲབ་སྟོན་དང་། ཀྲུའུ་ཅེའུ་མགྲོན་ཁང་གི་ཞོ་སྟོན་དུས་ཆེན་སྐབས་ཀྱི་ཚོང་འགུགས་མ་འདྲེན་ལས་གཞིའི་འོས་སྦྱོར་ཚོགས་འདུ། སྐབས་བཅུ་གསུམ་པའི་གནམ་མཚོར་རྐང་ཐང་དུ་འགྲོ་བའི་བྱ་འགུལ། ནོར་བུ་གླིང་གའི་གྱོན་ཆས་འགྲེམ་སྟོན་བྱ་འགུལ། ལྷ་སའི་བྱང་འདབས་ཀྱི་རྟ་རྒྱུག་ར་བའི་མི་རིགས་སྲོལ་རྒྱུན་རྟ་རྩལ་འཁྲབ་སྟོན་སོགས་ཀྱི་སྣ་མང་ཕུན་སུམ་ཚོགས་པའི་བྱ་འགུལ་རབ་དང་རིམ་པ་སྤེལ་བས་ལྷ་སའི་ཞོ་སྟོན་དུས་ཆེན་སྐབས་ཀྱི་ཡུལ་སྐོར་ཁྲོམ་ར་སྔར་ལས་ལྷག་ཏུ་དར། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།