—— གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་བྱེ་བ་ཤང་གི་མི་རིགས་མཐུན་སྒྲིལ་སྐོར་གྱི་གཏམ་རྒྱུད་རགས་ཙམ་བཀོད་པ།
གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་ཁོངས་ཀྱི་རྒྱལ་ལམ་318ལམ་རྒྱུད་དུ་བོད་རིགས་དང་། རྒྱ་རིགས། ཧུད་རིགས། དབྱིས་རིགས། ས་ལར་རིགས་སོགས་མི་རིགས་མང་པོ་འདུས་སྡོད་བྱེད་ས་ཞིག་ཡོད་པ་དེར་བྱེ་བ་ཤང་ཟེར།
ཞུས་ཝུན་ཅུན་གྱིས་གསར་འགོད་པར“གཉེན་སྒྲིག་བྱས་མ་ཐག སི་ཁྲོན་དུ་ལོ་གཉིས་བསྡད་པ་དང་། དེ་ནས་བྱེ་བ་ཤང་དུ་ཡོང་བ་ཡིན། དེའི་རྒྱུ་རྐྱེན་གཙོ་བོ་ནི་ས་གནས་དེར་འཕེལ་རྒྱས་ཀྱི་མདུན་ལམ་དེ་བས་ཡག་པ་ཡོད་པས་ཡིན”ཞེས་ངོ་སྤྲོད་བྱས། 2002ལོར་བོད་རིགས་བུ་མོ་དབྱངས་སྒྲོན་དང་སི་ཁྲོན་གྱི་རྒྱ་རིགས་ཞུས་ཝུན་ཅུན་ལས་མིར་སྐྱོད་སྐབས་ངོ་ཤེས་ནས་གཉེན་སྒྲིག་བྱས་པ་རེད།
2007ལོར་བྱེ་བ་ཤང་གིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལག་བསྟར་བྱས་ཤིང་། ཞུས་ཝུན་ཅུན་དང་། དབྱངས་སྒྲོན། བུ་བཅས་ནང་མི་གསུམ་བྱེ་བ་ཤང་ཕུ་སྣ་གྲོང་ཚོའི་ཁང་པ་གསར་པའི་ནང་སྤོས་པ་དང་། དེས་བོད་རྒྱ་མི་རིགས་གཉིས་ཀྱི་བཟའ་ཚོའི་ལེགས་ཆ་དངོས་སུ་འདོན་འགོ་ཚུགས་པ་རེད། ཁོང་ཚོས་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་ཧུར་ཐག་བཏང་སྟེ་སྔོ་ཚལ་དྲོད་ཁང་ཆེ་མོ་བརྒྱབ་པ་མ་ཟད། བཟའ་ཚོ་གཉིས་ཀྱིས་གྲོང་ཚོའི་ནང་གི་སྔོ་ཚལ་དྲོད་ཁང་ཆེ་མོ་3འགན་གཙང་བླངས་ནས་གཙོ་བོ་ཀྲོ་མ་ཀྲུ་དང་སུར་པན་སོགས་བཏབ་ནས་དེ་དག་སྨིན་རྗེས་རྫོང་དུ་འཚོང་བར་འགྲོ་གི་ཡོད་པས་ལོ་རེར་ཡོང་འབབ་སྒོར་ཁྲི་6ལྷག་ཙམ་ཡོང་གི་ཡོད།
ཞུས་ཝུན་ཅུན་བཟའ་ཚོ་གཉིས་ཀྱི་སྣེ་ཁྲིད་འོག གྲོང་ཚོའི་ནང་མི་རིགས་ཕན་ཚུན་གཉེན་སྒྲིག་བྱས་པའི་ཁྱིམ་ཚང་4མང་དུ་སོང་ཞིང་། རྒྱ་རིགས་དང་ཧུད་རིགས་སོགས་དེ་བས་མང་བ་བྱེ་བ་ཤང་དུ་ཚོང་རྒྱག་པ་དང་། འཛུགས་སྐྲུན་བྱེད་པར་ཡོང་ནས་སྔོན་ཐོན་གྱི་ལག་རྩལ་དང་ཉམས་མྱོང་བརྒྱུད་སྤྲོད་བྱེད་ཀྱི་ཡོད། ཁོང་ཚོའི་ཁྲོད་ཀྱི་མང་དག་ཅིག་ནི་ཐུན་མོང་ཐོག་ཧུར་བརྩོན་དང་འབད་འཐབ་ལྷོད་མེད་བྱས་པ་བརྒྱུད། འབྱོར་ཕྱུག་གི་འཚོ་བར་རོལ་ནས་དཔེ་སྟོན་གྱི་མིག་དཔེ་བཟང་པོར་གྱུར་ཡོད།
ལོ་འདི་དག་རིང་། མི་རིགས་ཁག་གི་མང་ཚོགས་དབར་སྤེལ་རེས་ལ་སྐུལ་འདེད་གཏོང་ཆེད། བྱེ་བ་ཤང་གིས་ཞིང་འབྲོག་ཁུལ་གྱི་མང་ཚོགས་ཁྲོད་རྒྱ་ཡིག་ཁྱབ་གདལ་གཏོང་བ་དང་། མི་རིགས་གཞན་དག་གིས་བོད་ཡིག་སྦྱོང་བ། གཞོན་ནུ་ལོ་ཆུང་གིས“སྐད་ཡིག་གཉིས”སློབ་སྦྱོང་བྱེད་པའི་སློབ་ཁྲིད་ལས་དོན་ལ་གཙོ་གནད་ཐོག་དམ་འཛིན་བྱེད་པ་དང་འབྲེལ། དུས་ཆེན་གོ་སྐབས་སུ་བྱས་ཏེ་སྣ་མང་རང་བཞིན་གྱི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བས་མི་རིགས་ཁག་དབར་མཉམ་འདྲེས་སྤེལ་རེས་དང་རིག་གནས་ཀྱི་ངོས་འཛིན་གཅིག་མཐུན་ཡོང་རྒྱུར་ཤུགས་སྣོན་བརྒྱབ་ཡོད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
མཐུན་སྒྲིལ་བྱས་ནས་འབྱོར་འབྲིང་ལམ་དུ་སྐྱོད།