“སྐྱ་ཐེར་ཐེར”གྱི་ལུང་ཤུར་དེ་བོད་བྱང་ཐང་གི་སྔོ་ལྗང་གྲོང་དུ་གྱུར་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མིག་སྔར་བོད་བྱང་ཐང་ས་མཐོར་ཆར་དུས་ཡིན་པ་དང་སོག་ཆུའི་འགྲམ་གྱི་རི་ལྡེབས་སུ་གནས་པའི་མུའུ་2500ལྷག་ཙམ་གྱི་ནགས་ཚལ་དུ་ལྗོན་ཤིང་འཚར་བའི་དུས་ཚོད་ཡག་ཤོས་སུ་སླེབས་ཡོད། སྔོན་ཆད“སྐྱ་ཐེར་ཐེར”གྱི་རི་བོ་དེ་ད་ཆ་སྔོ་ཞིང་དྭངས་བའི་རི་ཆུར་གྱུར་ཡོད། རི་གཤམ་དུ་གནས་པའི་སོག་རྫོང་ཡང་ཉིན་རེ་ལས་མ་འདས་པར་འགྱུར་ལྡོག་བྱུང་བར་སོག་རྫོང་ནགས་ལས་ཅུས་ཀྱི་ཅུས་ཀྲང་བཀྲ་ཤིས་ནི་དཔང་པོ་བྱེད་མཁན་ཡིན་ལ་དེའི་ནང་ཞུགས་མཁན་ཞིག་ཀྱང་རེད།

བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་ཤར་རྒྱུད་ཀྱི་སོག་རྫོང་དེ་སོག་ཆུའི་ལུང་གཞུང་དུ་གནས་པ་དང་ཆབས་ཅིག་རྫོང་གྲོང་གནས་སའི་གཡག་ལ་གྲོང་རྡལ་གྱི་ས་བབ་མཐོ་ཚད་སྨི་3980ཟིན་གྱི་ཡོད། 2005ལོར་སློབ་ཆེན་ཐོན་པའི་བཀྲ་ཤིས་སོག་རྫོང་དུ་ལས་ཀར་ཞུགས་པ་དང་། ནག་ཆུ་གྲོང་ཁྱེར་ནས་སོག་རྫོང་བར་སྤྱི་ལེ་230ལྷག་ཙམ་ཟིན་པའི་ལམ་ཐག་ཏུ་བཀྲ་ཤིས་ཀྱིས་ཉིན་གཉིས་རིང་རླངས་འཁོར་ལ་བསྡད་ནས་ཡོང་ཡོད།

སོག་རྫོང་དུ་ཐོག་མར་སླེབས་པའི་གནས་ཚུལ་དེ་དག་ཡིད་ལ་དྲན་སྐབས་བཀྲ་ཤིས་ལ་བྱུང་བའི་བག་ཆགས་ཟབ་ཤོས་ནི་སོག་རྫོང་གི་མང་ཚོགས་ཚོའི་སྡོད་ཁང་ནི་ས་ཕག་ལས་གྲུབ་པ་ཤ་སྟག་ཡིན་ལ་སྟོད་གོས་ཐོག་རྟག་ཏུ་ཐལ་རྡུལ་གྱིས་ཁེངས་པ་དང་ཆར་པ་བབས་སྐབས་ལམ་འབར་འབུར་དེ་འདམ་བག་གིས་ཁེངས་པར་གྱུར་པ་དེ་རེད།

སྤྱོད་གོ་ཆོད་པའི་རྡོ་དང་ཤིང་ཆ་དཀོན་པའི་དབང་གིས་སོག་རྫོང་གི་ཡུལ་མི་ཕལ་ཆེ་བ་སྔོན་ཆད་སྡོད་ས་ནི་ས་ཕག་གི་ཁང་པ་ཡིན་ཁར་མི་ཕྱུགས་མཉམ་དུ་སྡོད་དགོས་ཀྱི་ཡོད། ལོ་ན་74ལ་སོན་པའི་བགྲེས་སོང་དུང་སྐྱིད་ཀྱིས“ས་ཕག་གི་ཁང་པའི་ནང་སྡོད་སྐབས་ཆར་པ་འབབ་ཚེ་ལམ་ཡོངས་རྫོགས་འདམ་བག་གིས་ཁེངས་ཀྱི་ཡོད”ཅེས་བཤད།

འགྱུར་ལྡོག་དེ་དག་2016ལོ་ནས་བྱུང་འགོ་ཚུགས། ལོ་དེར་སོག་རྫོང་གིས་གྲོང་ཁྱེར་ནང་གི་གྲོང་སྡེའི་སྡོད་ཁང་སྐྱོ་ཁུལ་གྱི་སྒྱུར་བཀོད་ལས་གྲྭ་འགོ་བཙུགས་ཏེ་ཁག་དང་པོར་མ་དངུལ་སྒོར་དུང་ཕྱུར་1.5ཙམ་བཏང་ཡོད། ལོ་གཉིས་ལྷག་ཙམ་རིང་ཨར་སྐྲུན་བྱས་པ་བརྒྱུད་སོག་རྫོང་དུ་བོད་བཟོའི་སྒོ་ར་ཆུང་བའི་ཁང་པ་200བསྐྲུན་ཟིན་ནས་ཡུལ་མི་1000ལྷག་ཙམ་ཁང་པ་གསར་པར་སྤོས་ཡོད།

གཡག་ལ་གྲོང་རྡལ་དུ་སྐྲུན་བཞིན་པའི་ཁང་གསར་870ཡོད་པ་དེ་དག་སྔོན་དཔག་བྱས་ན་འདི་ལོའི་ཟླ་10པར་ལེགས་གྲུབ་ཟིན་རྒྱུ་ཡིན་པ་དེས་སོག་རྫོང་གི་ཡུལ་མི་དེ་བས་མང་བ་དགུན་ཁ་མ་ཤར་གོང་ཁང་གསར་ནང་སྤོ་ཐུབ་རྒྱུ་རེད།

སོག་རྫོང་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་ཅུས་ཀྲང་ཧོ་ཞའོ་ཆིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། སྨི་ངོས་གྲུ་245དང་སྨི་ངོས་གྲུ་125ཟིན་པའི་སྡོད་ཁང་གསར་པ་ཁག་གཉིས་ཇུས་འགོད་བྱས་ཡོད་པ་དང་དེའི་རིན་གོང་སོ་སོར་སྒོར་ཁྲི་63དང་སྒོར་ཁྲི་35ཡིན་པ་རེད། ཁག་དང་པོར་ཉོ་མཁན་ཚང་མར་དངུལ་བུན་ཐད་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་ཡོད་ལ་20%ཟིན་པའི་དངུལ་བུན་དང་80%ཟིན་པའི་དངུལ་བུན་གྱི་སྐྱེད་ཀ་རང་སྐྱོང་ལྗོངས་ནོར་སྲིད་ཐིང་ནས་སྤྲོད་རྒྱུ་ཡིན་པ་རེད།  སྡོད་ཁང་གསར་པ་དང་གྲོང་ཁྱེར་གསར་པར་དེ་བས་ཁོར་ཡུག་གསར་པ་ཡོད་དགོས། འདས་པའི་ལོ་གཉིས་རིང་སྔོན་ཆད་སྐྱ་ཐེར་ཐེར་གྱི་སོག་ཆུའི་ངོགས་གཉིས་སུ་ལྗོན་ཤིང་སྡོང་རྐང་ཁྲི་19བཏབ་ཡོད། སྔོན་མ་ཐལ་རྡུལ་གྱིས་ཁེངས་པའི་བོད་བྱང་ཐང་གི་གྲོང་རྡལ་ཆུང་ངུ་སོག་རྫོང་འདི་ཉིད་ད་ཆ་སྔོ་ཞིང་དྭངས་བའི་རི་ཆུས་བརྒྱན་པའི་དེང་རབས་ཅན་གྱི་གྲོང་རྡལ་གསར་པ་ཞིག་ཏུ་འགྱུར་བཞིན་ཡོད།

སོག་རྫོང་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྷག་པ་རྒྱལ་མཚན་གྱིས“མང་ཚོགས་ཚོས་སྒྱུར་བཅོས་སྒོ་དབྱེའི་གྲུབ་འབྲས་ཏན་ཏིག་ཚོར་ཡོད། སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་དང་སྔོ་འགྱུར་འདུ་འགོད་ཀྱི་ལས་དོན་སྤེལ་བ་ནི་བྱ་བ་མཐའ་དག་གི་འགོ་བརྩམས་པ་ཙམ་ཡིན། ང་ཚོས་སོག་རྫོང་འདི་ཉིད་སྣོད་བཅུད་དང་དམངས་འཚོ་གལ་ཆེ་མཉམ་དུ་འཛིན་པའི་བོད་བྱང་ཐང་གི་རྫོང་ཞིག་ཏུ་བཏོད་དེ་སོག་རྫོང་གི་མི་སེར་ཚོར་དེང་རབས་ཅན་གྱི་འཚོ་བ་དངོས་འབྲེལ་སྐྱེལ་ཐུབ་པ་བྱ་རྒྱུ་ཡིན”ཞེས་བརྗོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།