ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལྷ་སའི་ཞོ་སྟོན་ནི་སྤྱི་ཟླ8ཚེས30ཉིན་ནས་སྤྱི་ཟླ9ཚེས5ཉིན་བར་ཡིན་པ་དང་། དེའི་རིང་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་གཙོ་གཉེར་བྱས་པའི་ཕུལ་བྱུང་ལྷ་མོའི་མུ་འབྲེལ་འགྲེམས་འཁྲབ་དེ་ནོར་བུ་གླིང་ཁ་དང་རྫོང་རྒྱབ་ཀླུ་ཁང་། ལྗོངས་ལྷ་མོའི་སྒྱུ་རྩལ་ལྟེ་གནས། ལྗོངས་མང་ཚོགས་སྒྱུ་རྩལ་ཁང་བཅས་སུ་སྤེལ་རྒྱུ་རེད།
ཕུལ་བྱུང་ལྷ་མོའི་འཁྲབ་སྟོན་དེ་ལྷ་སའི་ཞོ་སྟོན་གྱི་སྣ་མང་བྱེད་སྒོའི་གྲས་ཤིག་ཡིན་པའི་ངོས་ནས་ལྗོངས་ཡོངས་ཀྱི་ལྷ་མོ་འགྲེམས་སྟོན་སྐབས་བརྒྱད་པ་དང་། ལྷ་མོའི་གར་སྟེགས་ཟློས་གར༼གཟུགས་ཀྱི་ཉི་མ༽ཞེས་པའི་ཆེད་དོན་འཁྲབ་སྟོན། ལྷ་མོའི་གཞས་གདངས་འགྲེམས་འཁྲབ་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད། ཉེ་བའི་ལོ་ཤས་རིང་བོད་ཀྱིས་ལྷ་མོ་སྲུང་སྐྱོང་དང་རྒྱུན་འཛིན། འཕེལ་རྒྱས་བཅས་ལ་ཐོབ་པའི་གྲུབ་འབྲས་གང་ལེགས་མངོན་ཡོད་པ་མ་ཟད། ལྗོངས་ཡོངས་ཀྱི་ལྷ་མོའི་འཁྲབ་གཞུང་ཁག་གི་འགྲེམས་སྟོན་དང་སྤེལ་རེས་ལས་སྟེགས་ནུས་ལྡན་གཏོད་ཡོད་ལ། ལྷ་མོའི་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་སྔར་བས་ཆེ་བ་འཕེལ་བས་ལྷ་མོ་འཁྲབ་སྟོན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། ལྷ་མོའི་འཁྲབ་གཞུང་༼གཟུགས་ཀྱི་ཉི་མ།༽ཞེས་པའི་ཆེད་དོན་འཁྲབ་སྟོན་དེ་སྤྱི་ཟླ8ཚེས31ཉིན་ནས་ཟླ9 ཚེས2ཉིན་གྱི་དགོང་མོའི་ཆུ་ཚོད20.00ནས22.30བར་རང་སྐྱོང་ལྗོངས་གཙང་ཆུའི་ལྷ་མོའི་སྒྱུ་རྩལ་ལྟེ་གནས་སུ་འཁྲབ་སྟོན་བྱ་རྒྱུ་དང་། ཟླ9ཚེས3ཉིན་གྱི་དགོང་མོའི་ཆུ་ཚོད19.30ནས21.00 བར་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་འཁྲབ་སྟོན་བྱ་རྒྱུ་རེད།།
རྩོམ་སྒྲིག་པ། ཀླུ་མོ་མཚོ།
ཕུལ་བྱུང་ལྷ་མོའི་མུ་འབྲེལ་འཁྲབ་སྟོན་ནོར་བུ་གླིང་ཁ་བཅས་སུ་སྤེལ་རྒྱུ་རེད།