བོད་རང་སྐྱོང་ལྗོངས་ཀྱིས་བོད་ཡིག་གི་བརྡ་ཆད་གསར་བ1500ལྷག་ཁ་སྣོན་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་བརྡ་ཆད་གསར་བ་བོད་ཡིག་ཏུ་བསྒྱུར་བའི་ཚད་ལྡན་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། 2018ལོའི་ཚུན་དུ། བོད་ལྗོངས་ཀྱིས་བརྡ་ཆད་གསར་བ1500ལྷག་ཁ་སྣོན་བྱས་པ་རེད། དེའི་ཁྲོད། དེང་སྐབས་དྲ་རྒྱའི་སྟེང་རྒྱུགས་ཆེ་བའི་རྒྱ་ཡིག་གི་གསར་བྱུང་མིང་བརྡ་སྐོར་ཞིག་བོད་ཡིག་བོད་སྐད་སྟེང་ནས་ཚད་ལྡན་གཏན་འབེབ་བྱས།

བོད་རང་སྐྱོང་ལྗོངས་བརྡ་ཆད་གསར་བ་བོད་ཡིག་ཏུ་བསྒྱུར་བའི་ཚད་ལྡན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་འཇམ་དབྱངས་ཆོས་རྒྱལ་གྱིས་བཤད་རྒྱུར། 2018ལོའི་ཚུན་དུ། ཚད་ལྡན་ཨུ་ཡོན་ལྷན་ཁང་གིས་སྲིད་ཁྲིམས་སྐོར་དང་། དྲ་རྒྱའི་སྟེང་བཀོད་པའི་མིང་བརྡ་སོགས་བྱུང་ཚད་མང་པའི་མིང་བརྡ་གཙོ་བོ་སྐོར་ཞིག་ལ་ཞིབ་བཤེར་གཏན་འབེབ་བྱས་པ་དང་མཉམ་དུ། སྤྱི་ཚོགས་ཀྱི་དགོས་མཁོ་དང་བསྟུན་ནས2019ལོར་ཆེད་དུ་གློག་ཤུགས་སྐོར་གྱི་བརྡ་ཆད500ལྷག་དང་བོད་ཀྱི་ཟློས་གར་དང་སྲོལ་རྒྱུན་ཞབས་བྲོ་སྐོར་གྱི་བརྡ་ཆད150ལྷག་ཞིབ་བཤེར་གཏན་འབེབ་བྱས། ཉེ་སྔོན། གཏན་འབེབ་བྱས་ཟིན་པའི་བོད་ཡིག་གི་བརྡ་ཆད་གསར་བ་རྣམས་རྒྱ་བོད་ཟུང་གི་སྤྱི་བསྒྲགས་སྤེལ་བའམ་ལག་དེབ་ཀྱི་རྣམ་པ་བརྒྱུད་ནས་བོད་ལྗོངས་ཀྱི་རིམ་པ་སོ་སོའི་འབྲེལ་ཡོད་སྡེ་ཁག་ལ་རིན་མེད་སྒོས་གཟིགས་འབུལ་བྱེད་བཞིན་ཡོད། དེ་མིན་ཞིབ་བཤེར་གཏན་འབེབ་བྱས་པའི་བརྡ་ཆད་གསར་བ་རྣམས་བོད་ལྗོངས་བོད་སྐད་ཡིག་དྲ་བ་དང་ཀྲུང་གོའི་བོད་ལྗོངས་འཕྲིན་དྲ། བོད་ལྗོངས་ཉིན་རེའི་ཚགས་པར ཟླ་ཕྱེད་ཚགས་པརབཅས་ཀྱི་སྟེང་སྤེལ་བཞིན་ཡོད་ཟེར།

བོད་རང་སྐྱོང་ལྗོངས་བོད་ཡིག་ཞིབ་བཤེར་གཏན་འབེབ་ཨུ་ཡོན་ལྷན་ཁང་ནི2005ལོར་བཙུགས་ཤིང་། གཙོ་བོར་བརྡ་ཆད་བསྡུ་སྒྲིག་དང་ཡིག་བསྒྱུར། ཞིབ་བཤེར་གཏན་འབེབ་བྱེད་པ་དང་དུས་མཉམ་དུ་གཅིག་གྱུར་སྒོས་བོད་ཡིག་གི་གསར་བྱུང་བརྡ་ཆད་ཁྱབ་བསྒྲགས་བྱེད་པའི་ལས་ཀ་སྒྲུབ་བཞིན་ཡོད། མིག་སྔའི་བར་ཞིབ་བཤེར་གཏན་འབེབ་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་ཆེད་ལས་མཁས་པ་རྩ་འཛུགས་བྱས་ནས་གསར་བྱུང་བརྡ་ཆད་ཁྲི་ལ་ཉེ་བ་ཞིག་ཞིབ་བཤེར་གཏན་འབེབ་བྱས། (མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།)

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།