ལྷ་སའི་ཞོ་སྟོན་རིང་ཚོང་འགུགས་མ་འདྲེན་གྱི་གན་འཇོག་མ་དངུལ་སྒོར་དུང་ཕྱུར197ལྷག་ཙམ་ཟིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8ཚེས31ཉིན། ལྷ་སའི་ཞོ་སྟོན་གྱི་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་བསྡོམས་པས་མ་འཇོག་རྣམ་གྲངས46ལ་གན་རྒྱ་བཞག་པ་དང་། མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར197.32ཟིན་པ། གན་འཇོག་རྣམ་གྲངས་ཀྱི་གྲས་སུ་ཡུལ་སྐོར་དང་། ཚན་རྩལ། རིག་གནས། བཟའ་བཅའ་དང་སྨན་རྫས། ཞིང་ལས་གསར་སྤེལ། ཐོན་རྫས་ལས་སྣོན་སོགས་མང་པོ་ཚུད་ཡོད་པ་རེད།

ཐེངས་འདིའི་འོས་སྦྱོར་ཚོགས་འདུའི་ཐོག ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་གྱིས་བོད་ལྗོངས་དམངས་གཉེར་ཚོང་དོན་མ་འཇོག་ཚད་ཡོད་ཀུང་སི་དང་། བོད་ལྗོངས་ཇོ་མོ་གླང་མ་ཚོགས་པ་ཚད་ཡོད་ཀུང་སི། ཀྲུང་གོ་སྒུལ་བདེ་འཕྲིན་གཏོང་ཚོགས་པ་བོད་ལྗོངས་ཚད་ཡོད་ཡན་ལག་ཀུང་སི་སོགས་ཀུང་སི6དང་མཉམ་འབྲེལ་གན་རྒྱའི་རྣམ་གྲངས6བཞག་ནས་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར21.09ཟིན་གྱི་ཡོད། ལྷ་ས་མཐོ་གསར་ཁུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་ཀྲའོ་ཡ་ཡིས། “འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་གྱིས་གཙོ་གནད་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་ནུས་ལྡན་མ་འཇོག་མང་དུ་བཏང་ནས་སྣེའུ་ཁུལ་གསར་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོའི་ངང་ཕྱོགས་སྒྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད”ཅེས་བཤད།

ལྷ་སའི་ཞོ་སྟོན་དུས་ཆེན་ནི་ལོ་རེའི་བོད་ཟླ་དྲུག་པའི་ཚེས་སུམ་བཅུ་ཉིན་འགོ་ཚུགས་པ་དང་རྒྱུན་མཐུད་གཟའ་འཁོར་གཅིག་གི་རིང་སྤེལ་བ་ཡིན་ལ། དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་གྲས་སུ་གཏོགས། ཉེ་བའི་ལོ་ཤས་རིང་། ཞོ་སྟོན་དུས་ཆེན་དེ་རིག་རྩལ་མཉམ་འཁྲབ་དང་། ལུས་རྩལ་འགྲན་བསྡུར། ཚོང་དོན་གྲོས་མོལ། ཡུལ་སྐོར་སྤྲོ་གསེང་བཅས་གཞི་གཅིག་ཏུ་གྱུར་པ་དང་སྲོལ་རྒྱུན་དང་དེང་རབས་མཉམ་འདྲེས་ཀྱི་དུས་ཆེན་ཞིག་ཏུ་གྱུར་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།