ཟླ་བ་དང་པོ་ནས་ཟླ་བ་བདུན་པ་བར་བོད་ལྗོངས་ཀྱི་བུ་བཙའི་ཆུ་ཚད་བལྟོས་བཅས་བརྟན་པོ་བྱུང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པར་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། བོད་ལྗོངས་སུ་ཕྲུ་གུ་གཉིས་ཀྱི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཚུན། ཁྱིམ་ཚང་འཆམ་མཐུན་དང་བདེ་སྐྱིད་ཟབ་ཏུ་གཏོང་བ་དང་། མི་འབོར་ཡུན་རིང་དོ་སྙོམས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་གཙོ་རྐང་དུ་བྱེད་པ་དང་། འཆར་ལྡན་བུ་བཙའི་གཞི་རྩའི་རྒྱལ་ཇུས་མཐའ་འཁྱོངས། ཕྲུ་གུ་གཉིས་བཙའ་བའི་སྲིད་ཇུས་ལག་བསྟར་ལ་སྤྱི་འདོམས་སྐུལ་འདེད་བཏང་བ། ཞབས་ཞུའི་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བ་བཅས་བྱས་པར་བརྟེན། ད་ལོའི་ཟླ་དང་པོ་ནས་ཟླ་བདུན་པ་བར་བུ་བཙའི་གནས་ཚུལ་བལྟོས་བཅས་བརྟན་པོ་བྱུང་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ཕྲུ་གུ་གཉིས་ཀྱི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དང་འཆར་ལྡན་བུ་བཙའི་ཞབས་ཞུ་དང་དོ་དམ་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་དེ་ནི་མི་འབོར་ཡུན་རིང་དོ་སྙོམས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ཞིང་། དེས་མི་འབོར་གྲུབ་ཆ་བཟང་སྒྲིག་དང་། ངལ་རྩོལ་ནུས་ཤུགས་མཁོ་སྤྲོད་མང་དུ་གཏོང་བ། མི་འབོར་ན་རྒས་ཅན་གྱི་གནོན་ཤུགས་ཞི་ལྷོད་དུ་གཏོང་བ་བཅས་ལ་ཕན་ཐོགས་ཡོད། ད་ལོའི་ཟླ་དང་པོ་ནས་ཟླ་བདུན་པ་བར་རང་ལྗོངས་སུ་ཁྱོན་ཕྲུ་གུ24571སྐྱེས་ཡོད་པ་དང་ཕྲུ་གུ་གཅིག་སྐྱེས་མཁན7011དང་། ཕྲུ་གུ་གཉིས་པ་སྐྱེས་མཁན7933 ཕྲུ་གུ་མང་པོ་སྐྱེས་མཁན9627བཅས་ཡོད་པས། བུ་བཙའི་ཆུ་ཚད་བལྟོས་བཅས་བརྟན་པོ་བྱུང་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།