གྲོང་ཚོ་མཛེས། མང་ཚོགས་ཕྱུག འཚོ་བ་སྐྱིད།

—— མཛོ་སྒང་རྫོང་བལ་ཐོག་ཤང་གི་འཕོ་འགྱུར་སྐོར་བཀོད་པ།    

ཟླ7པའི་ཟླ་མཇུག་ཏུ། ཆར་པ་སིམ་སིམ་འབབ་བཞིན་མཆིས། བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་བཅར་འདྲི་ཚོགས་ཆུང་དང་བཅས་པས་མཛོ་སྒང་རྫོང་གྲོང་ནས་ཐོན་ཏེ་གྱ་གྱུར་རྒྱུག་བཞིན་པའི་གཡུ་ཆུ་གཙང་པོ་བརྒྱུད། རླངས་འཁོར་བསྡད་ནས་ཆུ་ཚོད་ཁ་ཤས་བསྐྱོད་རྗེས་མཛོ་སྒང་རྫོང་གི་ལྷོ་རྒྱུད་དུ་ཡོད་པའི་བལ་ཐོག་ཤང་དུ་སླེབས།

བལ་ཐོག་ཤང་ནི་ཁ་བ་དཀར་པོའི་བྱང་འདབས་དང་གཡུ་ཆུ་གཙང་པོའི་གཡས་ངོགས་སུ་ཆགས་ཡོད།

མཛེས་སྡུག་ལྡན་ལ་དབེན་ཞིང་འཇམ་པའི་ཡུལ་འདིས་ལོ་ལྟར་གནས་འཇལ་བ་དང་ཡུལ་སྐོར་བ་ཁྲི་ཕྲག་མང་པོའི་ཡིད་དབང་བཀུག་གི་ཡོད། ལོ་འདི་དག་རིང་། ཡུལ་སྐོར་ལས་རིགས་འཕེལ་རྒྱས་སོང་བ་དང་སྦྲགས་བལ་ཐོག་གི་ཡུལ་འདི་གའི་ཚོང་པའང་མང་དུ་ཕྱིན་ཏེ་གྲོང་མི་ཚོའི་ཡོང་འབབ་འཕར་ནས་འཚོ་བ་ཇེ་ལེགས་སུ་ཕྱིན་ཡོད།

ནོར་འཛིན་གྱིས་བལ་ཐོག་ཤང་སྲིད་གཞུང་གི་ཁ་སྤྲོད་དུ་མགྲོན་ཁང་དང་སྒོ་རྩིས་ཚོང་ཁང་མཉམ་དུ་འདུས་པའི་ཚོང་ཁང་ཞིག་གཉེར་སྐྱོང་བྱེད་ཀྱི་ཡོད། 1996ལོར་ནོར་འཛིན་གྱི་ཨ་མས་འདིར་ཚོང་གཉེར་བྱེད་འགོ་ཚུགས་པ་དང་། 2007ལོར་ནོར་འཛིན་གྱིས་ཚོང་ཁང་དེ་བསྐྱར་བཟོ་བྱས་ནས་ད་བར་གཉེར་སྐྱོང་བྱས་ཡོད།

“དེ་སྔ་བལ་ཐོག་ཏུ་གཞུང་ལམ་ཤར་གཏོང་ཐུབ་མེད་པས། 1996ལོ་ནས་2004ལོའི་བར་ཚོང་ཟོག་འཐེན་སྐབས་ཇ་རྟ་གནའ་ལམ་བརྒྱུད་དུས་ཡུན་ཉིན་གཅིག་བསྐྱོད་ནས་པོ་ཏ་རི་བོ་བརྒྱབ་རྗེས། གཞི་ནས་སྨར་ཁམས་ཀྱི་ཚྭ་ཁ་ལྷོར་འབྱོར་གྱི་ཡོད། དེའི་སྐབས་སུ་ཚོང་ཟོག་དབོར་བར་དྲེལ་གླ་དགོས་པ་དང་ཆར་པ་བབས་ཚེ་ལམ་ཚང་མ་འདམ་བག་ཏུ་གྱུར་ནས་མི་དང་དྲེལ་གཉིས་ཀར་དཀའ་ངལ་ཆེན་པོ་བཟོ་གི་ཡོད”ཅེས་ལོ་42ལ་སླེབས་པའི་ནོར་འཛིན་གྱིས་གསར་འགོད་པར་བལ་ཐོག་གི་དེ་སྔའི་ལོ་རྒྱུས་བཤད།

འགྲིམ་འགྲུལ་དང་ཆ་འཕྲིན་ལག་རྩལ་དར་རྒྱས་ཕྱིན་པ་དང་སྦྲགས་དངོས་ཟོག་སྐྱེལ་འདྲེན་སྟབས་བདེ་རུ་སོང་ཡོད། ད་ཆ་ནོར་འཛིན་གྱིས་ལྷ་ས་དང་ཡུན་ནན། སི་ཁྲོན་སོགས་ནས་ཚོང་ཟོག་འཐེན་སྐབས་ཚོང་པར་ཁ་པར་རྒྱག་པའམ་ཡང་ན་སྐད་འཕྲིན་བསྐུར་ཚེ་དངོས་ཟོག་དུས་ཐོག་ཏུ་སྐྱེལ་གྱི་ཡོད་པས་ཧ་ཅང་སྟབས་བདེ་པོ་ཡོད།

བལ་ཐོག་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲའོ་ཧྥུའུ་ཡིས་བལ་ཐོག་གི་ལྟ་ན་སྡུག་པའི་རང་བྱུང་མཛེས་ལྗོངས་ལ་ཡུལ་སྐོར་བ་མང་པོའི་ཡིད་དབང་འཕྲོག་ནས་ཡུལ་འདིའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་ཤུགས་ཆེན་ཐུབ་ཡོད་ཅེས་གསར་འགོད་པར་བཤད། ཁོང་གིས“བལ་ཐོག་ཤང་ཡོངས་སུ་མིག་སྔར་མགྲོན་ཁང་20ལྷག་ཙམ་དང་ཟ་ཁང་8ཡོད་པ་དང་། 2017ལོར་ཤང་ཧྲིལ་པོ་དབུལ་སྒྲོལ་ཐུབ་ཡོད”ཅེས་བཤད།

འདི་ལོ་ལོ་33ལ་སླེབས་པའི་བསོད་ནམས་ཆོས་བསྟན་གྱིས་ཤིང་ཕོར་བཟོ་རྩལ་སྦྱངས་ནས་ལོ་12ཕྱིན་ཡོད། ཚོང་རྒྱག་ལ་མཁས་པའི་ཁོང་གིས་ཕ་ཡུལ་བུ་རམ་གྲོང་ཚོ་ནས་བལ་ཐོག་ཏུ་ཡོང་སྟེ་ཤིང་ཕོར་བཟོ་ཚོང་ཁང་ཆུང་ཆུང་ཞིག་བཙུགས་པ་རེད།

མིག་སྔར་བསོད་ནམས་ཆོས་བསྟན་གྱི་ཚོང་ཁང་གི་ཚོང་ ཡག་པོ་ཡོད། མི་རིང་གོང་ཚོང་འགྲུལ་ཞིག་གིས་བསོད་ནམས་ཆོས་བསྟན་གྱི་ཨ་ཞང་གིས་ལོ་26ཉར་ཚགས་བྱས་པའི་ཤིང་ཕོར་བློ་ལ་བབས་ནས་སྒོར་8500སྤྲད་དེ་ཉོས་པ་རེད། ལོ་བརྒྱད་ཅུར་སླེབས་པའི་རྒད་པོ་ཁོང་གིས་ཤིང་ཕོར་བཟོ་བའི་ལག་རྩལ་བསོད་ནམས་ཆོས་བསྟན་ལ་བསླབས་པ་རེད། ཁོང་གིས“མི་དེ་བས་མང་བས་བོད་ཡུལ་གྱི་ཤིང་ཕོར་ལ་རྒྱུས་མངའ་དང་དགའ་པོ་བྱས་ནས་ལག་ཤེས་བཟོ་རྩལ་པའི་ཚོང་ཡག་པོ་ཡོང་བ་དང་ཆབས་ཅིག སྲོལ་རྒྱུན་གྱི་བོད་བཟོའི་ཤིང་ཕོར་བཟོ་རྩལ་རྒྱུན་འཛིན་ཐུབ་པའི་རེ་བ་ཡོད”ཅེས་བཤད་པ་རེད།

དེ་སྔ་བལ་ཐོག་ཤང་དུ་འགྲིམ་འགྲུལ་ཤར་གཏོང་ཐུབ་མེད་པས་རྟ་དྲེལ་ལ་བརྟེན་ནས་ཕྱིར་སྐྱོད་དགོས་ཀྱི་ཡོད། ད་ཆ་ཡུལ་སྐོར་ལས་རིགས་ལས་བལ་ཐོག་ཤང་གི་མང་ཚོགས་ལ་ཕྱུག་འགྱུར་ཐབས་ལམ་རྙེད་ནས་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་ཚོང་ཁང་མང་པོ་བཙུགས་ཡོད། “ཡུལ་སྐོར་ལས་དོན་ཡག་པོ་གཉེར་བ་ལས་བལ་ཐོག་ཤང་འཕེལ་རྒྱས་སྔར་བས་ལེགས་པ་ཡོང་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་ཀྲའོ་ཧྥུའུ་ཡིས་གདེང་ཚོད་ཆེན་པོས་བཤད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།