བོད་ལྗོངས་ཀྱི་གནས་སྤོ་རུང་བའི་རིག་དངོས་ཁྲི13ཙམ་ལ་ཉེ་བར་རྒྱལ་ཁབ་ཀྱི“རིག་དངོས་ཐོབ་ཐང་ལག་ཁྱེར”ཐོབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8ཚེས26ཉིན། གསར་འགོད་པར་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་གཉེར་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཤེས་རྟོགས་བྱུང་བར། མིག་སྔའི་བར་བོད་ལྗོངས་སུ་གནས་སྤོ་རུང་བའི་རིག་དངོས་ཁྲི13ཙམ་ལ་ཉེ་བར་རྒྱལ་ཁབ་ཀྱི“རིག་དངོས་ཐོབ་ཐང་ལག་ཁྱེར”ཐོབ་ཡོད།

བོད་ལྗོངས་ནི་རང་རྒྱལ་གྱི་གནས་སྤོ་རུང་བའི་རིག་དངོས་ཀྱི་གཙོ་གནད་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་གྲས་ཤིག་ཡིན་ཞིང་། ལྗོངས་ཡོངས་སུ་ཁྱབ་པའི་གནས་སྤོ་རུང་བའི་རིག་དངོས་ཡོངས་བཤེར་ཁྱབ་ཁོངས་ནང་ལོ་ཚད་སྤྱི་ལོ་1965(ཚུད་པ)སྔོན་གྱི་བོད་ཀྱི་ལོ་རྒྱུས་ཐོག་གི་དུས་རབས་ཁག་གི་རྩ་ཆེའི་ཆོས་ལུགས་ཀྱི་མཁོ་ཆས་དང་སྒྱུ་རྩལ་ཐོན་རྫས། བཟོ་རྩལ་དང་མཛེས་རྩལ་ཐོན་རྫས་སོགས་དང་། ལོ་རྒྱུས་ཐོག་དུས་རབས་རིམ་བྱུང་གི་དཔྱད་གཞིའི་ཡིག་ཆ་གལ་ཆེན་དང་དེ་བཞིན་ལོ་རྒྱུས་དང་སྒྱུ་རྩལ། ཚན་རིག་བཅས་ཀྱི་རིན་ཐང་ལྡན་པའི་ལག་བྲིས་དང་དཔེ་དེབ་དཔྱད་ཡིག་སོགས། ལོ་རྒྱུས་ཐོག་དུས་རབས་རིམ་བྱུང་དང་མི་རིགས་ཁག་གི་སྤྱི་ཚོགས་ལམ་ལུགས་དང་ཐོན་སྐྱེད། འཚོ་བ་བཅས་མཚོན་པའི་ཚབ་མཚོན་རང་བཞིན་གྱི་དངོས་རྫས་སོགས་ཚུད་ཡོད།

བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཆོས་སྒྲོན་གྱིས་ཡོངས་བསྒྲགས་ཚོགས་འདུའི་ཐོག 2019ལོའི་ཟླ་8པའི་བར་བོད་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་གཞུང་ཁོངས་རིག་དངོས་ཉར་ཚགས་ཚན་པ་1305དང་རིག་དངོས་260789(ཆ་ཚང)ཡི་ཡོངས་བཤེར་བསྡོམས་རྩིས་ལས་དོན་ལེགས་གྲུབ་ཟིན་ཡོད། ཡོངས་བཤེར་བྱེད་པའི་ནང་དོན་ཁྲོད་རིག་དངོས་ཀྱི་མིང་དང་རིགས། རིམ་པ། ལོ་རབས། ཆགས་སྐྱོན་ཤོར་ཚད། ཉར་ཚགས་རྣམ་པ་སོགས་དམིགས་ཚད་ཁག་14ཚུད་ཡོད་ཅིང་། ལྗོངས་ཡོངས་ཀྱི་གནས་སྤོ་རུང་བའི་རིག་དངོས་ཀྱི་གྲངས་འབོར་གནས་སྟངས་སྤྱིར་ན་གསལ་རྟོགས་ཐུབ་ཡོད་ཅེས་བརྗོད།

ཆོས་སྒྲོན་གྱིས“རྒྱལ་ཁབ་ཀྱི་གཅིག་གྱུར་ཚད་གཞི་གཞིར་བཟུང་། བོད་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་གནས་སྤོ་རུང་བའི་རིག་དངོས་ཡོངས་བཤེར་སྟེགས་བུར་ཚན་པ་790དང་། རྩ་ཆེའི་རིག་དངོས་དང་སྤྱིར་བཏང་གནས་སྤོ་རུང་བའི་རིག་དངོས་ཁྲི་12.8ཐོ་འགོད་བྱས་ཡོད”ཅེས་བརྗོད་པ་དང་། ཁོང་གིས། མིག་སྔར་བོད་ལྗོངས་སུ“རིག་དངོས་ཐོབ་ཐང་ལག་ཁྱེར”ལམ་ལུགས་བཟོས་ཟིན་པ་དང་། རིག་དངོས་ཉར་ཚགས་ཀྱི་ཐོ་འགོད་ཚད་ལྡན་ཅན་དུ་གྱུར་བས་རིག་དངོས་ཡིག་ཚགས་འཛུགས་སྐྱོང་དང་སྲུང་སྐྱོང་། བེད་སྤྱོད་བཅས་གཏིང་ཟབ་བྱ་རྒྱུར་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་ཅེས་བརྗོད།

ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ཀྱི་རིག་དངོས་ཀྱི་གྲངས་འབོར་མང་བ་དང་གནས་སྟངས་རྒྱ་ཆེ་བ་སོགས་དམིགས་བསལ་གནས་ཚུལ་ལ་གཞིགས་ནས་བོད་ལྗོངས་ཀྱི་གནས་སྤོ་རུང་བའི་རིག་དངོས་ཡོངས་བཤེར་ལས་དོན་སྔར་བཞིན་རྒྱུན་གཏན་བཞིན་སྤེལ་རྒྱུ་ཡིན་ཞིང་། གོམ་སྟབས་རྗེས་མར་བོད་ལྗོངས་ཀྱིས་ད་དུང་ཕོ་བྲང་པོ་ཏ་ལ་དང་། ནོར་བུ་གླིང་ཁ། གཙུག་ལག་ཁང་། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་སོགས་ཚུད་པའི་གཞུང་ཁོངས་རིག་དངོས་ཉར་ཚགས་ཚན་པའི་རིག་དངོས་ཐོན་ཁུངས་ཀྱི་སྤྱིའི་མིང་གཞུང་དང་གྲངས་གཞིའི་ཐོན་ཁུངས་མཛོད་1305བསྐྲུན་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།