ཆབ་མདོ་གྲོང་ཁྱེར་གྱིས་དབུལ་སྒྲོལ་འགག་སྒྲོལ་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས་མི་འབོར་དབུལ་པོའི་ཡོང་འབབ་མང་དུ་གཏོང་བ་དང་། མི་འབོར་དབུལ་པོའི་ལས་ཞུགས་ལ་སྐུལ་འདེད། ས་ཁུལ་དབུལ་པོའི་དམངས་འཚོ་ལེགས་གཏོང་། ས་ཁུལ་དབུལ་པོ་མགྱོགས་མྱུར་འཕེལ་རྒྱས་བཅས་གཙོ་བོར་བྱེད་པ་དང་། དབུལ་སྐྱོར་བྱ་ཡུལ་གྱི“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”ཐག་གཅོད་བརྟན་པོ་བྱེད་རྒྱུ་དམིགས་ཡུལ་ཨང་དང་པོར་བརྩིས་ཏེ། “5+N”ཡི་དབུལ་སྒྲོལ་བྱ་ཐབས་ལག་ལེན་ཤུགས་ཆེན་བསྟར་ནས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་ལས་དོན་ཁག་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་ཡོད།

དམངས་ཕྱུག་འབབ་འཕར་མཐའ་འཁྱོངས་དང་ཐོན་ལས་འཕེལ་རྒྱས་བཏང་ནས་ཁག་གཅིག་དབུལ་སྒྲོལ་ཐུབ་པར་བྱས་པ། “གསོ་སྤེལ་རྟེན་གཞི་ཆེན་པོ་ལྔ”དང“འདེབས་འཛུགས་རྟེན་གཞི་ཆེན་པོ་བདུན”གྱི་ཐོན་ལས་བཀོད་སྒྲིག་ལ་དམིགས་ནས། ཞིང་འབྲོག་ཁྱད་ལྡན་ཐོན་ལས་དང་ཡུལ་ཟོག་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། མིག་སྔར། ཆབ་མདོ་གྲོང་ཁྱེར་དུ“བདག་དམར་གཡང”དང“བློ་བཟང”“ཆབ་མདོ་ངག་དབང་ལུག” “བོད་ཀྱི་འབྲི་གཡག” “ཁམས་པའི་རི་བོ་ཆེ”སོགས་སྤུས་རྟགས་མང་པོ་ཞིག་བཏོད་པ་དང་། ཁེ་ལས་12ཀྱིས“334”ཡི་རྣམ་པར་བརྟེན་ནས་ཐོན་ལས་འཕེལ་རྒྱས་བཏང་སྟེ་མང་ཚོགས་དབུལ་པོ་2336གི་འབབ་འཕར་ལ་སྐུལ་ཁྲིད་བྱས་པ། ཐོན་ལས་དབུལ་སྐྱོར་གྱི་རྣམ་གྲངས་740ལག་བསྟར་བྱས་ནས་མི་ཁྲི་4.23གྱི་དབུལ་སྒྲོལ་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱས་ཡོད།

དབུལ་པོའི་གནས་ལས་སྒྲོལ་བ་མཐའ་འཁྱོངས་དང་ཡུལ་གཞན་དུ་གནས་སྤོས་བྱས་ནས་ཁག་གཅིག་དབུལ་སྒྲོལ་ཐུབ་པ་བྱས་པ། རྫོང(ཆུས)11ཁྱབ་ཁོངས་ཀྱི་རང་བྱུང་ཆ་རྐྱེན་དང་། ཐོན་ཁུངས་ཀྱི་ལེགས་ཆ། དབུལ་པོར་འགྱུར་བའི་ཁྱད་ཆོས་སོགས་རྒྱུ་རྐྱེན་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། འཚོ་གནས་ཀྱི་ཆ་རྐྱེན་དཀའ་ཚེགས་ཆེ་བ་དང་། ས་གཤིས་ཀྱི་གནོད་འཚེ་མང་པོ་ཐོན་པ། ཡུལ་ནད་ཕོག་ཚབས་ཆེ་བ་སོགས་ཀྱི་ས་ཁུལ་དབུལ་པོའི་མང་ཚོགས་ཡུལ་གཞན་དུ་གནས་སྤོས་ཀྱི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད།

དབུལ་པོའི་འབྱུང་རྩ་གཅོད་པ་མཐའ་འཁྱོངས་དང་སློབ་གསོ་འཕེལ་རྒྱས་བཏང་ནས་ཁག་གཅིག་དབུལ་སྒྲོལ་ཐུབ་པར་བྱས་པ། སློབ་གསོ་སྔོན་ལ་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་ནས། སློབ་གསོའི་ཐོན་ཁུངས་གཙོ་བོ་ས་ཁུལ་དབུལ་པོར་ཕྱོགས་ཏེ་སློབ་གསོར་བརྟེན་ནས་བུ་རབས་ཚ་རྒྱུད་ཀྱི་དབུལ་པོའི་རྒྱུན་གཅོད་པར་སྐུལ་འདེད་ཏན་ཏིག་བཏང་ཡོད། 2016ལོ་ནས་བཟུང་། གྲོང་ཁྱེར་ཡོངས་སུ་རིམ་རྩིས་བྱས་ན“འགན་ལེན་གསུམ”གྱི་གྲོན་དངུལ་སྒོར་དུང་ཕྱུང་11.1སྤྲད་པ་དང་། བཅུད་ལྡན་བཟའ་བཅའི་འཆར་གཞིར་གྲོན་དངུལ་སྒོར་དུང་ཕྱུར་2.08སྤྲད་པ། རིམ་རྩིས་བྱས་ན་འཚོ་བར་དཀའ་ངལ་ཡོད་པའི་སློབ་མ་མི་ཐེངས་15235ལ་རོགས་རམ་བྱས་པར་རོགས་དངུལ་སྒོར་ཁྲི་5084.09སྤྲད་པ། ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་11.76བརྩོན་ལེན་བྱས་ནས་ཆ་རྐྱེན་ཞན་པའི་སློབ་གྲྭ་174རྒྱས་སྐྲུན་བྱས་པ། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ཁུལ་དུ་སློབ་གྲྭ་41སྐྲུན་འགོ་ཚུགས་པར་བསྡོམས་མ་དངུལ་སྒོར་དུང་ཕྱུར་2.06བཏང་ཡོད། ཞིབ་བཤེར་བྱས་པ་བརྒྱུད། 2018ལོར་གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་122862ཟིན་པ་དང་། འོས་འགན་སློབ་གསོའི་དུས་མཚམས་བརྟན་པོ་ཡོང་ཚད་90%ཡན་ཟིན་ཡོད།

རྩལ་ནུས་ཆེ་རུ་གཏོང་བ་མཐའ་འཁྱོངས་དང་ལས་ཞུགས་གཞན་སྒྱུར་བྱས་ནས་ཁག་གཅིག་དབུལ་སྒྲོལ་ཐུབ་པར་བྱས་པ། མཐིལ་རྟོགས་བརྟག་དཔྱད་བརྒྱུད། གྲོང་ཁྱེར་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་39185ལས་ཞུགས་གཞན་སྒྱུར་བྱེད་སར་བརྩིས་ཡོད། ལོ་ཤས་རིང་། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོར་བསྡོམས་རྩིས་བྱས་ན་ལས་ཞུགས་ལས་གཏོད་ཀྱི་དྲིལ་བསྒྲགས་དཔྱད་གཞི་ཁྲི་4.5སྤྲད་པ་དང་། ཞིང་འབྲོག་པ་ཁྲི་2.7ལ་ལས་ཞུགས་ལས་གཏོད་ཀྱི་སློབ་གསོ་ཁྲིད་སྟོན་བྱས་པ། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོར་གནད་སྨིན་རྩལ་ནུས་གསོ་སྦྱོང་ཐེངས་965བྱས་པར་མི་36713ཞུགས་པ། རྩལ་ནུས་གསོ་སྦྱོང་བྱས་རྗེས་མི་34029ཁྱབ་ཁོངས་ཁག་ལ་ལས་ཞུགས་གཞན་སྒྱུར་ཐུབ་པ་དང་མི་རེར་ཆ་སྙོམས་ཡོང་འབབ་སྒོར་5000བྱུང་བས་ལས་ཞུགས་ཐུབ་ཚད་90.53%ཟིན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།