གསར་བརྗེའི་ས་བོན་རྒྱུན་འཛིན་བྱས་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་བ།

—— ཉིང་ཁྲི་གྲོང་ཁྱེར་གྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་སྐོར་གྱི་དངོས་བྲིས།    

ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་ཏང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱ་རྒྱུ་དེ་ཉིད་སྲིད་དོན་ལས་རྗེས་ཆེ་ཤོས་ལ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་རྩ་འཛུགས་ཀྱི་ནུས་པ་ཆེར་གཏོང་ལ་དམིགས་པ་དང་རྩ་འཛུགས་དང་། ཚན་ཁག དཔུང་ཁག་བཅས་སྟོབས་ཆེར་གཏོང་རྒྱུ་གཙོ་གནད་དུ་བཟུང་སྟེ་གཞི་རིམ་ཏང་འཛུགས་སྐྱོང་ལ་ཁྲིད་སྟོན་དང་འགན་སྲུང་བྱེད་པའི་ནུས་པར་ཤུགས་སྣོན་ཟམ་མི་ཆད་པ་བརྒྱབ་སྟེ་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་ཚད་བརྒལ་གསར་པ་ཡོང་བར་སྐུལ་འདེད་བཏང་སྟེ་ཉིང་ཁྲི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་ཆེད་དང་། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་ཆེད་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་ཞིག་མཁོ་འདོན་བྱས་ཡོད།

གསར་བརྗེའི་སྲོལ་རྒྱུན་གྱི་སློབ་གསོ་བཏང་ནས་གསར་བརྗེའི་ས་བོན་ལ་གསོན་ཤུགས་གསར་པ་རྒྱས་པར་བྱས་པ།

ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་གསར་བརྗེའི་དྲན་ཤེས་འཚོལ་ཞིབ་ཧུར་ཐག་བྱས་ཏེ“ཆབ་སྲིད་ཀྱིས་མི་སེམས་ལ་ཞུན་བརྡར་གཏོང་བའི་འདུ་འགོད”ལག་ལེན་ཤུགས་ཆེན་བསྟར་བ་དང་། “ཚད་ལོན་ཏང་ཡོན་དང་གདོང་ལེན་དཔེ་བཟང་བ་བྱེད་པའི”སློབ་གསོ་གཏིང་ཟབ་བཏང་བ།གྲོང་ཁྱེར་དང་རྫོང་གི་རིམ་པ་ཁག་གི་འགོ་ཁྲིད་པས་སྣེ་ཁྲིད་ནས་འཆད་སྟེགས་ཐོག་ཏང་གི་སློབ་ཚན་ཁྲིད་པ་དང་ཟུར་ཁྲིད་བྱས་པ། སྣེ་ཁྲིད་ནས་ཆབ་སྲིད་སློབ་གསོ་གཏིང་ཟབ་དང་། ཏན་ཏིག སེམས་སུ་ཟུག་པ་བཅས་ལ་སྐུལ་འདེད་བཏང་ཡོད། གྲོང་ཨུད་རྩ་འཛུགས་པུས་སྣེ་ཁྲིད་དེ་སྤྱི་ཡོངས་ལ་དམ་འཛིན་བྱས་ནས་ཆབ་སྲིད་སློབ་གསོའི་གསོ་སྦྱོང་གི་གཙོ་གནད་ཁ་གསལ་བཟོས་པ་དང་། གྲོང་ཨུད་ཏང་གི་སློབ་གྲྭའི་འཐབ་ས་གཙོ་བོར་བརྟེན་པ་དང་། གསར་བརྗེའི་རྗེས་ཤུལ་དམ་འཛིན་བྱ་གཞིར་བྱས་ནས་སྔ་རྗེས་སུ་རྫ་ཡུལ་རྫོང་གི“དཔའ་བོའི་རི་ལྡེབས་དྲན་གསོ་ཁང”དང་། ཀླུ་ནང་གཞོན་ནུ་ཤེས་ཡོན་ཅན་གྱི་ས་ཚིགས་སོགས་གསར་བརྗེའི་སློབ་གསོའི་རྟེན་གཞི་18བཏོད་པ་མ་ཟད། དཔེ་སྟོན་གསོ་སྦྱོང་འཛིན་གྲྭ་གཉེར་བ་དང་། རིགས་གཅིག་མཁས་ཅན་དང་དགེ་རྒན་ཆེ་མོ་བ་གདན་དྲངས་ནས་སློབ་ཚན་ཁྲིད་པ། རྫོང་དང་ཁྲུའུ་རིམ་པའི་ཕུལ་དུ་བྱུང་བའི་ན་གཞོན་ཏང་ཡོན་ལས་བྱེད་པ་ནག་ཆུར་ཏང་གཤིས་ཞུན་བརྡར་བྱེད་པར་གཏོང་བ་སོགས་ཀྱི་ཐབས་ལ་བརྟེན་ནས་ཏང་ཡོན་གྱི་ཆབ་སྲིད་སློབ་གསོ་ཁྱོན་ཡོངས་ལ་ཁྱབ་པར་བྱས་ཡོད།

ཆབ་སྲིད་སློབ་གསོ་གཏིང་ཟབ་སྤེལ་བ་དང་གསར་བརྗེའི་ས་བོན་ཟམ་མི་ཆད་པར་རྒྱུན་འཛིན་བྱས་པ་དང་སྦྲགས། ཉིང་ཁྲི་གྲོང་ཁྱེར་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཐོག་མའི་བསམ་འདུན་སྲུང་བ་དང་འགན་འཁྲི་འཁུར་བའི་རང་རྟོགས་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། རིམ་ཁག་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་པ། ཏང་ཡོན་གྱི་གདོང་ལེན་དཔེ་བཟང་ནུས་པ་རིམ་བཞིན་མངོན་པ་བཅས་བྱུང་ཡོད།

ཏང་འཛུགས་སྐྱོང་གི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་དང་དམག་འཐབ་འཇོན་ཐང་ཆེ་རུ་བཏང་བ།

ཏང་གི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་བྱེད་རིང་ཉིང་ཁྲི་གྲོང་ཁྱེར་གྱིས་དུས་རབས་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་པ་བཅས་ལ་དམིགས་ནས་གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་བསམ་ཕྱོགས་གསར་པ་ཟམ་མི་ཆད་པར་གསར་གཏོད་བྱས་པ་དང་། ཐོག་མཐའ་བར་གསུམ་དུ་ཏང་གི་གཞི་རིམ་རྩ་འཛུགས་ནུས་ལྡན་ཁྱབ་པ་དང་ལས་དོན་ནུས་ལྡན་སྤེལ་བ་གཙོ་གནད་ལས་འགན་དུ་བཟུང་ནས་དམ་འཛིན་བྱས་ཏེ་རིམ་ཁག་གཞི་རིམ་ཏང་རྩ་འཛུགས་ཕྱོགས་ཡོངས་ནས་ཡར་རྒྱས་དང་ཕྱོགས་ཡོངས་ནས་ཉམས་སད་ཐེག་ཐུབ་པ་ཞིག་ཏུ་འགྱུར་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ་ཀྲི་པུའུ་གྲོང་མིའི་ཚོགས་ཆུང་དང་། གྲོང་སྡོད་བྱ་ཡུལ། ཐོན་ལས་འཁོར་འབྲེལ། མཐའ་སྲུང་རུ་ཆེན་བཅས་བཙུགས་པ་དང་། ཏང་ཚོགས་ཆུང“གཉིས་ལྡན་དུད་སྦྲེལ”ཚན་པ་དང་། དབྱར་རྩྭ་དགུན་འབུ་བརྐོ་ཡུལ། མཐའ་མཚམས་ཕྱུགས་འཚོ་ས། སྐོར་གཡེང་བྱ་ཡུལ་བཅས་བར་ཞིབ་ཚགས་སུ་བཏང་སྟེ། རྩ་འཛུགས་ཀྱི་དྲ་རྒྱ་ཟམ་མི་ཆད་པར་ཚགས་དམ་དུ་དང་རྩ་འཛུགས་ཀྱི་ནུས་པ་ཟམ་མི་ཆད་པར་རྒྱ་སྐྱེད་བཏང་བས། ཞིང་འབྲོག་ཁུལ་དང་། ལས་ཁུངས། བྱ་གཞག་ཚན་པ་སོགས་སྲོལ་རྒྱུན་ཁྱབ་ཁོངས་སུ་ཏང་རྩ་འཛུགས་སྒྲིག་འཛུགས་བྱེད་ཚད་100%ཟིན་པ་དང་། གྲོང་ཁྱེར་གྱི་སྡེ་ཁུལ་དང་། གཞུང་ཁོངས་ཁེ་ལས། “གསར་གཉིས”རྩ་འཛུགས། དྲ་སྦྲེལ། ལས་འཁྱུར་དང་རྒན་ཡོལ་ཞུས་པ་སོགས་གསར་དར་ཁྱབ་ཁོངས་སུ་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་དགོས་རིགས་ཚང་མར་བཙུགས་ཡོད།

ཀོང་པོ་རྒྱ་མདའ་རྫོང་སྤྱི་མདའ་གྲོང་རྡལ་སྒམ་གྲོང་ཚོའི་དུད་ཚང་83དང་མི་356གི་ཁྲོད་དུ་ཏང་ཡོན་84ཡོད་པས། གྲོང་ཁྱེར་ཡོངས་སུ་སྐད་གྲགས་ཆོད་པའི“དུད་ཚང་ཚང་མར་ཏང་ཡོན་ཡོད་པའི”གྲོང་ཚོ་ཞིག་རེད། གྲོང་ཚོའི་ཏང་ཀྲི་པུའི་སྣེ་ཁྲིད་འོག་རྒྱ་ཆེའི་ཏང་ཡོན་ཚོས་དགོངས་དོན་ལག་ལེན་བསྟར་བ་དང་། ཐོག་མའི་བསམ་འདུན་མ་བརྗེད་པར་ཐོན་སྐྱེད་གོང་འཕེལ་དང་ཐོན་ལས་དར་རྒྱས་ཧུར་ཐག་བཏང་བས། གྲོང་ཚོའི་དབུལ་སྒྲོལ་ཕྱུག་འགྱུར་གྱི་སྣེ་ཁྲིད་པར་གྱུར་ཡོད། རྒྱ་ཆེའི་ཏང་ཡོན་གྱི་སྣེ་ཁྲིད་འོག་ཀྲི་པུའུ་ཡིས་ཏང་ཡོན་གྱི“སྣེ་ཁྲིད་ཕྱུག་འགྱུར་འདུ་འགོད”ལག་ལེན་བསྟར་བ་དང“ཏང་འཛུགས་སྐྱོང་+མཉམ་ལས་ཁང་+ཞིང་དུད”ཀྱི་ཐབས་ཤེས་སྤྱད་ནས་མང་ཚོགས་དབུལ་པོའི་འབབ་འཕར་ཕྱུག་འགྱུར་ལ་རོགས་རམ་བྱས་ཡོད། 2018ལོའི་ལོ་མཇུག་བར་གྲོང་ཚོ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་12000ཟིན་པ་དང་། གྲོང་ཚོའི་དུད་ཚང་13དང་མང་ཚོགས་དབུལ་པོ་41ཚང་མ་དབུལ་སྒྲོལ་བྱུང་ཡོད།

གཡུལ་ས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་ནང་སྐྱེས་སྒུལ་ཤུགས་གང་ལེགས་འཕེལ་བར་བྱས་པ།

ཉིང་ཁྲི་གྲོང་ཁྱེར་གྱིས་གཡུལ་ས་འཛུགས་སྐྲུན་ཡག་པོ་བྱེད་པ་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་སྟོབས་ཆེར་གཏོང་བ་མཐའ་འཁྱོངས་བྱེད་པ་ནི་ལས་ཀའི་ཤུགས་རྒྱག་ས་དང་ཚད་བརྒལ་སར་བརྩིས་ནས་གཞི་རིམ་དུ་གནད་དོན་གླེང་ས་ཡོད་པ་དང་། བྱེད་སྒོ་སྤེལ་ས་ཡོད་པ། འཁོར་སྐྱོད་བྱེད་པར་འགན་སྲུང་ཡོད་པ་བཅས་ཧུར་ཐག་བྱས་ཡོད། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་ཚད་ལྡན་ཅན་འཛུགས་སྐྱོང་བྱེད་པ“ཧྲུའུ་ཅིའི་འདུ་འགོད”དང་། “རྫོང་དཔོན་གྱི་འདུ་འགོད” “རྩ་འཛུགས་པུའུ་ཀྲང་གི་འདུ་འགོད”བཅས་ལ་བརྩིས་ནས་དམ་འཛིན་བྱས་པ་དང་། རིམ་རྩིས་བྱས་ན་ནོར་སྲིད་ཀྱི་ཆེད་དོན་མ་དངུལ་སྒོར་ཁྲི་9000སྔོན་རྩིས་བརྒྱབ་ནས་བཏང་བ་དང་། འབྲེལ་ཡོད་ཀྱི་རྣམ་གྲངས་དང་མ་དངུལ་བརྩོན་ལེན་བསྡུ་སྒྲིལ་ཧུར་ཐག་བྱས་ནས་ཞིང་འབྲོག་ཁུལ་གྱི་གཡུལ་ས་མདུན་མ་སྟོབས་ཆེན་ཞིག་ཏུ་བསྐྲུན་ཡོད། 2017ལོར་གྲོང་ཁྱེར་ཡོངས་སུ་བྱེད་སྒོ་སྤེལ་ཡུལ་156གསར་རྒྱག་དང་བསྐྱར་སྐྲུན་རྒྱས་སྐྲུན་བྱས་པ་དང་། 2018ལོར་ཚད་ལྡན་ཅན་གྱི་འཛུགས་སྐྲུན་གཡུལ་ས་200བཏོད་པ། 2019ལོར་དེ་བྱིངས་ཀྱི་བྱེད་སྒོ་སྤེལ་ཡུལ་142ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་ཡོད། དེ་དང་ཆབས་ཅིག་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་སྟོབས་ཆེར་གཏོང་བ་ཚན་ཁག་གི་འཁོར་སྐྱོད་ནུས་པ་མཐོ་རུ་གཏོང་བ་དང་། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལ་རོགས་འདེགས་བྱེད་པའི“སྒུལ་བྱེད་འཕྲུལ་འཁོར་དམར་པོར”བརྩིས་ནས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དང་ཞིང་འབྲོག་ལས་ཁྱད་ལྡན་ཐོན་ལས་འཛུགས་སྐྲུན་འཆར་འགོད་དང་སྦྲེལ་མཐུད་བྱས་ཏེ་2015ལོ་དང་2016ལོར་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ལོ་ལྟར་མ་དངུལ་སྒོར་ཁྲི་1000བཏང་ཡོད། 2017ལོ་ནས་བཟུང་ལོ་ལྟར་མ་དངུལ་སྒོར་ཁྲི་1000ནས་སྒོར་ཁྲི་1500བར་མཐོ་རུ་བཏང་ཡོད། ཏང་རྩ་འཛུགས་ཐོན་ལས་སུ་བསྐྲུན་པ་དང་ཏང་ཡོན་ཐོན་ལས་སུ་གཅིག་སྡུད་བྱས་པ་བརྒྱུད་ཞིང་འབྲོག་མང་ཚོགས་ལ“ཀྲི་པུའུ་དང་+མཉམ་ལས་ཁང་+ཞིང་དུད། རྟེན་གཞི”དང“ཏང་ཡོན+ཞིང་དུད+ཐོན་ལས”ཀྱི་བྱ་ཐབས་སྤྱོད་པར་སྐུལ་ལྕག་དང་རྒྱབ་སྐྱོར་ཧུར་ཐག་བྱས་ཏེ། ཉིང་ཁྲི་གྲོང་ཁྱེར་གྱིས་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱེད་པ་དང་། རྩ་འཛུགས་ཀྱིས་སྟངས་འཛིན་བྱེད་པ། ཏང་ཡོན་གྱིས་སྐུལ་ཁྲིད་བྱེད་པ་བཅས་ཀྱི་མཉམ་སྡེབ་དཔལ་འབྱོར་གྱི་འཕེལ་རྒྱས་ལམ་དུ་བསྐྱོད་ཡོད།

བམ་གྲོང་གྲོང་ཚོ་ནི་སྨན་གླིང་རྫོང་གི་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་ཞིག་རེད། 2017ལོར་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་སྐབས་བརྗེས་པ་ནས་བཟུང་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་སྣེ་ཁྲིད་འོག“ཀྲི་པུས་ཏང་ཡོན་དང་འབྲེལ་བ་བྱེད་པ་དང་ཏང་ཡོན་གྱིས་མང་ཚོགས་དང་འབྲེལ་བ་བྱེད་པའི”གཉིས་སྦྲེལ་མཉམ་སྐྱོད་ཀྱི་དོ་དམ་ཞབས་ཞུའི་ལས་ཀའི་བྱ་ཐབས་ཁྱབ་སྤེལ་ཤུགས་ཆེན་བཏང་ཡོད། གྲོང་ཚོ་ཡོངས་ཀྱི་ཏང་ཡོན་65ལ“ཏང་ཡོན·ཁྱིམ་ཚང་གི་ཡིག་ཚགས”བཟོས་ནས་བམ་གྲོང་གྲོང་ཚོའི་ཏང་ཡོན་ཁྲོད་གྲོང་ཚོ་དང་ཚོགས་ཆུང་གི་ལས་བྱེད་པ་དང་ཏང་ཡོན་དང་། ཕྱུག་འགྱུར་འཇོན་ཐང་ཅན་ཏང་ཡོན། སྐོར་སྐྱོད་ཏང་ཡོན། སྤྱིར་བཏང་ཏང་ཡོན་སོགས་ལ་རིགས་དབྱེ་དོ་དམ་བྱས་ཏེ་ཏང་ཡོན་ལ་ཏང་རྩ་འཛུགས་ཀྱིས་ཞབས་ཞུ་དང་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བ་དང་མང་ཚོགས་ལ་ཏང་ཡོན་གྱིས་ཞབས་ཞུ་དང་སྐུལ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་བས། ཏང་དང་མི་དམངས་མང་ཚོགས་ཀྱི་འབྲེལ་བ་སྔར་བས་ཟབ་ཏུ་ཕྱིན་ཡོད། གྲོང་ཚོའི་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་པས། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་མགྱོགས་མྱུར་འཕེལ་རྒྱས་ལ་སྐུལ་ཁྲིད་ནུས་ལྡན་ཐུབ་ཡོད། མིག་སྔར་བམ་གྲོང་གྲོང་ཚོས་གཉེར་སྐྱོང་རང་བཞིན་གྱི་དཔལ་འབྱོར་དངོས་ཚན་8བཙུགས་པའི་ནང་ཉི་མ་དམར་པོའི་ཚན་རྩལ་དཔེ་སྟོན་ཞིང་ར་དང་། བམ་གྲོང་མོག་རོའི་ཐོན་སྐྱེད་རྟེན་གཞི། ཡར་སྟེང་བོད་སྨན་སྨན་རྒྱུ་འདེབས་འཛུགས་མཉམ་ལས་ཁང་སོགས་རྣམ་གྲངས་ལ་དཔལ་འབྱོར་གྱི་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། དེ་དང་ཆབས་ཅིག་རྟེན་གཞིའི་དུད་ཚང་དབུལ་པོ་6ལ་ལོ་ལྟར་མི་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་1.6ཡོང་རྒྱུར་སྐུལ་ཁྲིད་བྱས་ནས་ཁོ་ཚོ་ཆ་ཚང་དབུལ་སྒྲོལ་ལ་རོགས་རམ་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།