ཝང་དབྱང་གིས་བོད་ལྗོངས་ལ་རྟོག་ཞིབ་གནང་བ།

1124907951_15664677774451n.jpg

འདི་ནི་ཟླ8པའི་ཚེས20ཉིན། ཝང་དབྱང་གིས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་བར་ག་ཤང་གཞུང་པ་གྲོང་ཚོར་བོད་རིགས་མང་ཚོགས་ལ་བྱམས་བརྩེའི་འཚམས་འདྲི་ཞུ་བའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཉེ་ཆར་བོད་ལྗོངས་སུ་རྟོག་ཞིབ་གནང་བ་རེད། ཁོང་གིས་མིག་སྔར་དབུལ་ཐར་མཁྲེགས་གཏོར་དེ་རྒྱལ་ཁ་ཕུ་ཐག་གཅོད་པའི་འགག་རྩའི་དུས་མཚམས་སུ་སླེབས་ཡོད་པས་གལ་ཆེ་ཤོས་ནི་ལས་དོན་ལྷོད་གཡེང་དུ་མི་འགྲོ་བ་དང་བསམ་བློ་ཉམས་ཞན་དུ་འགྲོ་བར་སྔོན་འགོག་བྱ་རྒྱུ་དེ་རེད། ཏང་གི་བོད་སྐྱོང་ཐབས་ཇུས་དང་དབུལ་ཐར་མཁྲེགས་གཏོར་སྐོར་གྱི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པའི་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ། བསྟུད་མར་དམག་འཐབ་རྒྱག་པ་དང་བསམ་བློའི་ངོས་འཛིན་གཅིག་གྱུར་བྱེད་པ། ལས་དོན་དོན་འཁྱོལ་དམ་འཛིན་བྱེད་པ་བཅས་ཀྱི་སྤྱོད་ཚུལ་དར་སྤེལ་བཏང་ནས་སྤུས་ཚད་མཐོ་བའི་སྒོ་ནས་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་དང་། བོད་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པ་མངོན་འགྱུར་ཡོང་བར་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་།

ཟླ8པའི་ཚེས19ནས21ཉིན་བར། ཝང་དབྱང་སྔ་རྗེས་སུ་ལྷོ་ཁ་དང་། ལྷ་ས། མངའ་རིས་བཅས་ཀྱི་དབུལ་སྐྱོར་གནས་སྤོར་བཀོད་སྒྲིག་ས་ཚུགས་དང་། དབུལ་སྐྱོར་ཐོན་ལས་གླིང་། དབུལ་ཕོངས་དུད་ཚང་། སྡེ་དམངས་ཨུ་ཡོན་ལྷན་ཁང་། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་བཅས་སུ་ཕེབས་ནས་གནས་ཚུལ་རྒྱུས་ལོན་བྱས་པ་མ་ཟད། ད་དུང་དབུལ་ཐར་མཁྲེགས་གཏོར་སྲ་བརྟན་དང་མཐོ་འདེགས་སུ་གཏོང་བའི་བཞུགས་མོལ་ཚོགས་འདུར་གཙོ་སྐྱོང་གནང་ནས་འབྲེལ་ཡོད་ཕྱོགས་ཀྱི་བསམ་འཆར་དང་གྲོས་གཞི་ལ་ཉན་པ་དང་། བོད་ལྗོངས་ཀྱི་དབུལ་ཐར་མཁྲེགས་གཏོར་ལས་དོན་སོགས་ཀྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད། 

ཁོང་གིས་ནན་གྱིས་བསྟན་དོན། དབུལ་ཐར་བྱ་རྒྱུ་དེ་གྲངས་འབོར་ལ་བལྟ་དགོས་ལ་སྤུས་ཚད་ལ་བལྟ་རྒྱུ་དེ་ལས་ཀྱང་གལ་ཆེ། དབུལ་ཐར་སྤུས་ཚད་ལ་ཞིབ་བཤེར་བྱེད་པའི་དམིགས་ཚད་གལ་ཆེན་ནི་དབུལ་ཐར་གྲུབ་འབྲས་སྲ་བརྟན་གཏོང་ཐུབ་མིན་ལ་བལྟ་དགོས། “ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི”བརྗོད་དོན་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ་དབུལ་ཐར་ལས་དོན་ཐད་གནས་པའི་གནད་དོན་ལ་ལྟ་ཞིབ་ནན་ཏན་བྱེད་པ་དང་དག་ཐེར་དོན་འཁྱོལ་ལ་དམ་འཛིན་ཏན་ཏིག་བྱས་ཏེ་ངོས་འཛིན་གནད་ལ་མི་འཁེལ་བ་དང་། འགན་འཁྲི་དོན་འཁྱོལ་མ་བྱུང་བའི་དབང་གིས་དབུལ་ཐར་སྤུས་ཚད་མི་མཐོ་བ་དང་དབུལ་ཐར་གྲུབ་འབྲས་སྲ་བརྟན་མེད་པ་སོགས་ཀྱི་གནད་དོན་སྔོན་འགོག་བྱེད་དགོས། ཡུལ་གཞན་དུ་གནས་སྤོར་དབུལ་སྐྱོར་གྱི་རྗེས་མཐུད་ལས་དོན་ཡག་པོ་བསྒྲུབ་རྒྱུར་དོ་སྣང་བྱས་ཏེ་ཡུལ་གཞན་དུ་གནས་སྤོས་པ་དང་ཆ་ཚང་བའི་ཞབས་ཞུ་དུས་གཅིག་ཏུ་དོན་འཁྱོལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་མང་ཚོགས་དབུལ་པོ་གནས་སྤོ་ཐུབ་པ་དང་། བརྟན་སྡོད་ཐུབ་པ། ལས་ཞུགས་ཐུབ་པ། ཕྱུག་འགྱུར་ཐུབ་པ་བཅས་ཀྱི་ནུས་པ་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ནས་དང་། འབྲི་གཡག ཡུལ་སྐོར། ནུས་རྒྱུ་གཙང་མ། མི་རིགས་ལག་རྩལ་ཐོན་རྫས་སོགས་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ་དང་། དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ། མང་ཚོགས་དབུལ་ཐར་བརྟན་པོ་དང་རིམ་བཞིན་ཕྱུག་འགྱུར་ཡོང་བའི་རྨང་གཞི་སྲ་བརྟན་དུ་གཏོང་བ་བཅས་བྱེད་དགོས།   རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་བསྟར་དོན་འཁྱོལ་བྱས་ཏེ་སྐྱེ་ཁམས་དམངས་ཕན་དང་སྐྱེ་ཁམས་དམངས་ཆེད་རྒྱུན་འཁྱོངས་བྱས་ནས་གངས་ལྗོངས་མཐོ་སྒང་གི་གནམ་སྔོན་པོ་དང་། ཆུ་དྭངས་མོ། དྭངས་གཙང་གི་མཁའ་དབུགས་བཅས་ལ་སྲུང་སྐྱོང་ཡག་པོ་བྱས་ཏེ་དཔལ་འབྱོར་དང་ཐོན་ཁུངས་ཁོར་ཡུག་ཕན་ཚུན་མཐུན་སྦྱོར་གྱི་དཔལ་ཡོན་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དགོས། 

1124907951_15664677990241n.jpg

འདི་ནི་ཟླ8པའི་ཚེས21ཉིན་ཝང་དབྱང་གིས་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་མཐོ་ལྡིང་གྲོང་རྡལ་དུ་གནས་སྤོས་དབུལ་སྐྱོར་བྱས་པའི་བོད་རིགས་མང་ཚོགས་འཚམས་འདྲི་ཞུ་བའི་ཚུལ་རེད།

 ཁོང་གིས་བསྟན་དོན། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། དགོན་སྡེ་དོ་དམ་གྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་སེལ་བར་བྱས་ཏེ་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་འགུལ་དབང་ཆ་དམ་འཛིན་ནན་པོ་བྱེད་དགོས། སྐྱོན་བྲལ་ཡ་རབས་ཀྱི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་བ་དང་། མང་ཚོགས་ཀྱིས་རྗེས་དཔག་གི་སྒོ་ནས་ཆོས་ལུགས་ལ་དད་མོས་བྱ་རྒྱུར་ཁྲིད་སྟོན་བྱེད་པ། དབུལ་ཐར་ཕྱུག་འགྱུར་གྱི་ནང་གནས་སྒུལ་ཤུགས་འཕེལ་བ་བཅས་བྱས་ནས་ཆོས་ལུགས་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་ཁྲིད་སྟོན་བྱེད་དགོས། 

བོད་ལྗོངས་སུ་བཞུགས་པའི་རིང་། ཝང་དབྱང་གིས་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་སོགས་བོད་རིགས་འགོ་ཁྲིད་ལས་བྱེད་པ་དང་། བློ་མཐུན་རྒན་གྲས་ལ་ཆེད་དུ་འཚམས་འདྲི་ཞུས་ཤིང་། རྩྭ་མདའ་རྫོང་སྲིད་གྲོས་ལས་ཁུངས་ལ་འཚམས་འདྲི་གནང་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།