རང་བྱུང་མཛེས་ལྗོངས་ལས་ཕྱུག་འགྱུར་ལམ་བཟང་བཏོད།

—— བྲག་ཡིབ་ཆུས་རྒྱལ་སྨད་གྲོང་ཚོའི་གཡག་རྭ་གླིང་གི་བོད་ཁྱིམ་སྤྲོ་ཁང་གི་སྐོར་བཀོད་པ།    

ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་ཁྱད་དུ་འཕགས་པའི་རང་བྱུང་ལེགས་ཆ་དང་སྟབས་བདེའི་འགྲིམ་འགྲུལ་སྤྱད་དེ། གྲོང་གསེབ་ཀྱི་ཐོན་ཁུངས་ལུགས་མཐུན་འཆར་འགོད་བྱས་ནས་མང་ཚོགས་མང་པོས་བོད་བཟོའི་སྡོད་ཁང་བསྐྲུན་པ་དང་། སྦྲ་གུར་ཕུབ་པ། ཤིང་འབྲས་དང་མེ་ཏོག་བཏབ་ནས་ཡུལ་སྐོར་བ་སྤྲོ་གསེང་རོལ་རྩེད་བྱེད་ས་བསྐྲུན་པ་རེད།

བྲག་ཡིབ་ཆུས་བུ་ཆུ་ཤང་རྒྱལ་སྨད་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཕུར་བློར་འཆར་གཞི་མང་པོ་ཡོད་ཅིང་། བསམ་བློ་ཞིབ་ཕྲ་བཏང་རྗེས། ཕུར་བློས་སེམས་ཐག་ཆོད་པོས་ཁྱིམ་གྱི་གསོག་དངུལ་ཡོད་ཚད་བཏོན་པའི་ཁར།  དངུལ་ཁང་ནས་སྒོར་ཁྲི་100གཡར་ཏེ་དུས་ཐུང་ལོ་ཕྱེད་ནང་གྲོང་ཚོའི་ནང་གི་བོད་ཁྱིམ་སྤྲོ་སྐྱིད་ཁང་ཐོག་མ་དེ་བསྐྲུན་པ་རེད།

གཡག་རྭ་གླིང་བོད་ཁྱིམ་སྤྲོ་ཁང་ལ་ཐོག་སོ་བཞི་ཡོད་ཅིང་། དེའི་ནང་ཟ་ཁང་དང་། ཨར་ཁང་། ཇ་ཁང་། ཉལ་ཁང་སོགས་གང་དགོས་ཚང་མ་ཡོད་ལ། སྒྲིག་ཆས་ཆ་ཚང་པོ་ཡོད། ཐོག་བརྩེགས་ཁང་ཆེན་གྱི་རྒྱབ་ངོས་ནི་ན་ཁ་ཆེན་པོ་ཞིག་ཡིན་པ་དང་། ན་ཁའི་སྟེང་དུ་མངོན་གསལ་དོད་པའི་བོད་བཟོའི་གུར་ལྔ་ཕུབ་ཡོད་ཅིང་། དེ་ནས་ཡུལ་སྐོར་བས་རོལ་རྩེད་རྩེ་བ་དང་ཡུལ་ལྗོངས་ལ་མྱོང་རོལ་བྱེད་ཐུབ། གུར་གྱི་མཐའ་འཁོར་དུ་ཕུར་བློ་རང་ཉིད་ཀྱིས་བཏབ་པའི་ཀུ་ཤུའི་སྡོང་པོ་དང་། སྟར་སྡོང་། མེ་ཏོག་ཡིང་ཧྭ་སོགས་ཡོད།

“ལྡུམ་རའི་ལག་རྩལ་པ་གདན་དྲངས་པའི་དངུལ་མེད་སྟབས། རང་ཉིད་ཀྱིས་ལག་པ་འགུལ་རྒྱུ་ལས་མེད”ཅེས་ཀུ་རེའི་ཚུལ་དུ་བཤད་ཅིང་། ཁོང་གིས“ཤིང་སོན་དང་མེ་ཏོག་གི་ས་བོན་དེ་དག་ནི་ནང་ས་ནས་ཉོས་རྗེས་བཏབ་པ་ཡིན། འདེབས་འཛུགས་བྱེད་སྐབས་དཀའ་གནད་འཕྲད་མ་ཐག་དྲ་ཐོག་ནས་འབྲེལ་ཡོད་ཤེས་བྱ་བཙལ་བ་དང་། ངའི་སྡོང་ཕྲུག་སྤོས་འཛུགས་དང་སྦྱར་ཁ་རྒྱག་རྩལ་ཚང་མ་དྲ་ཐོག་ནས་སྦྱངས་པ་ཡིན། ད་ཆ་དྲ་བར་ཞུགས་མཁན་ཧ་ཅང་མང་པོ་ཡོད། ངས་ཀྱང་དུས་རབས་ཀྱི་འགྲོས་དང་བསྟུན་པ་མ་ཟད། ད་དུང་དྲ་ཐོག་ཏུ་ང་ཚོའི་བོད་ཁྱིམ་སྤྲོ་ཁང་ངོ་སྤྲོད་བྱས་ཏེ་ཡུལ་སྐོར་བ་དེ་བས་མང་བའི་ཡིད་དབང་འགུག་ཐབས་བྱེད་ཀྱི་ཡོད”ཅེས་ཕུར་བློའི་གནས་ལུགས་ཡོད་པའི་སྐད་ཆར་ཚང་མས་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་པ་རེད།

བོད་ཁྱིམ་སྤྲོ་ཁང་འཛུགས་པའི་རྒྱུ་རྐྱེན་སྐོར་གླེང་སྐབས། ཕུར་བློས་ཉིང་ཁྲིའི་ཐོན་ཁུངས་ཡག་ཤོས་ནི་རང་བྱུང་མཛེས་ལྗོངས་རེད། ང་ཚོས་ལེགས་ཆ་འདི་གང་ལེགས་སྤྱད་དེ་རང་བྱུང་ལ་བསྟུན་ནས་འཆར་འགོད་ལེགས་པོ་བྱས་ཏེ་འཛམ་གླིང་སྐྱེ་བོ་ཀུན་གྱིས་ང་ཚོའི་ཉིང་ཁྲིའི་ཡིད་འོང་མཛེས་ལྗོངས་མཐོང་ཐུབ་པ་བྱ་རྒྱུ་དེ་ཡིན།

“བོད་ཁྱིམ་སྤྲོ་ཁང་གི་སྙན་གྲགས་ཆེ་རུ་ཕྱིན་པ་དང་བསྟུན་ནས་ཡུལ་སྐོར་བའང་ཇེ་མང་དུ་ཕྱིན་ཡོད། ཡུལ་སྐོར་བ་མང་བའི་སྐབས་སུ་ང་ཚོས་ད་དུང་གྲོང་མི་རོགས་པར་གླ་གི་ཡོད། འདས་ཟིན་པའི་ལོ་གཅིག་ནང་ངར་ཡོང་འབབ་ཁེ་གཙང་སྒོར་ཁྲི་20ལྷག་ཙམ་བྱུང་བ་དང་། གྲོང་མི་ཚོར་ཡང་དེའི་ཁྲོད་ནས་ཕན་པ་མང་པོ་ཐོབ་ཡོད”གྲོང་མི་ཕྱུག་འགྱུར་སྣེ་ཁྲིད་བྱེད་རྒྱུ་ནི་ཕུར་བློས་དགའ་ཤོས་བྱེད་པའི་བྱ་བ་ཞིག་ཡིན། ཁོང་གིས་ད་ཆ་ངའི་དམིགས་ཡུལ་ཆེ་ཤོས་ནི་བོད་ཁྱིམ་སྤྲོ་ཁང་ཡག་པོ་གཉེར་ནས་ཡོང་འབབ་དེ་བས་མང་བ་བསགས་ཏེ་གྲོང་མི་ཚོ་དང་མཉམ་དུ་ཕྱུག་པོའི་ལམ་དུ་བསྐྱོད་རྒྱུ་དེ་ཡིན་ཞེས་བཤད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།