“འཛམ་གླིང་ཡང་རྩེར”ལྗང་མདོག་གི་མཐོ་སྒང་བསྐྲུན་པ།

—བོད་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྐྲུན་པའི་དངོས་བྲིས།

ཟླ8ཚེས15ཉིན་2019ལོའི་ཀྲུང་གོའི་པེ་ཅིང་གི་འཛམ་གླིང་ལྡུམ་རའི་སྒྱུ་རྩལ་འགྲེམས་ཚོགས་ཀྱི“བོད་ལྗོངས་ཉིན་མོའི”བྱེད་སྒོ་སྤེལ་ཡོད། ཞབས་བྲོ《གནམ་མཚོའི་ཞབས་བྲོ》དང་སྐྱེས་པའི་རྐྱང་གཞས《རྨི་ལམ་ནང་དུ་རྩྭ་ཐང་འཁོར》 བུད་མེད་ཀྱི་རྐྱང་གཞས《ལྷ་སར་སྨོན་འདུན་ཞུ》བཅས་འཁྲབ་སྟོན་བྱས་ཏེ་བྱེད་སྒོ་འགོ་ཚུགས་ཡོད། “བདེ་སྐྱིད་ལྡན་པའི་ཁྱིམ་གཞིས། འཛམ་གླིང་གི་སྣེ་གསུམ་པ”ཞེས་བརྗོད་དོན་གཙོ་བོར་བཟུང་བའི“བོད་ལྗོངས་ཉིན་མོའི”བྱེད་སྒོའི་འགྲེམས་ཁང་ནང་། ཡར་ཀླུང་གཙང་པོའི་ལུང་གཞུང་དང་། ལྷ་ཀླུ་འདམ་ར། བྲག་གསུམ་མཚོ། ཀླུ་ནང་གྲོང་རྡལ་སོགས་ཡུལ་ལྗོངས་མིག་ལམ་དུ་འཆར་ཡོང་བ་དང་། དམིགས་བསལ་ཁྱད་ཆོས་ལྡན་པའི་དམངས་སྲོལ་རིག་གནས་དང་རང་བྱུང་མཛེས་ལྗོངས་ཀྱིས་མི་རྣམས་ཀྱི་ཡིད་དབང་འཕྲོག་ཡོད།

བོད་ལྗོངས་ནི་རང་རྒྱལ་གྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན། བོད་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་མཐོང་ཆེན་བྱེད་པ་དང་། ཕྱོགས་བསྡུས་ཀྱི་བྱེད་ཐབས་སྤྱད་ནས་རི་ཆུ་ཀླུང་གསུམ་ལ་སྲུང་སྐྱོང་བྱས་ཡོད།

ཁྲིམས་བཞིན་སྣོད་བཅུད་སྲུང་སྐྱོང་བྱ་རྒྱུ་དེ་རྒྱུན་གཏན་དུ་གྱུར་བ།

2018ལོའི་ཟླ་7པར། བོད་ལྗོངས་ཀྱི་སྣོད་བཅུད་ཁོར་ཡུག་ཐོན་ཁུངས་སྲུང་སྐྱོང་དང་འབྲེལ་བ་ཡོད་པའི་ཉེས་དོན་ཞོར་གཏོགས་ཀྱི་དམངས་དོན་སྤྱི་ཕན་གཏུག་བཤེར་གྱོད་གཞི་ཐོག་མ་དེ་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཁྲིམས་ཁང་ནས་ཡོངས་གྲགས་སུ་ཞིབ་གཅོད་བྱས་ཡོད། ཞུ་སྦྱོར་ཕྱི་མ་བ་སྐལ་ག་གེ་མོས་ཞིབ་དཔྱོད་ལས་ཁུངས་ནས་ཞུ་གཏུག་བྱས་པའི་ཉེས་གསོག་དོན་དངོས་ལ་སྦ་གསང་མེད་པར་ངོས་ལེན་བྱས་པ་མ་ཟད། ཁྲིམས་སར་སྤྱི་དམངས་ལ་དགོངས་དག་ཞུས་ཡོད།

འདི་ལོའི་ཟླ་5པར། བྲག་ཡིབ་ཆུས་ཀྱིས“སྣོད་བཅུད་སྲུང་སྐྱོང་གི་མི་མེད་གནམ་གྲུའི་སྐོར་ཞིབ་རུ་ཁག”བཙུགས་པ་མ་ཟད། ལས་དོན་ཁྲོད་ལས་འགན་སྒྲུབ་བཞིན་ཡོད། དེ་ནི་བོད་ལྗོངས་ཀྱིས་བཙུགས་པའི“སྣོད་བཅུད་སྲུང་སྐྱོང་གི་མི་མེད་གནམ་གྲུའི་སྐོར་ཞིབ་རུ་ཁག”ཐོག་མ་དེ་ཡིན་པ་མ་ཟད། མི་མེད་གནམ་གྲུའི་མཁའ་ཐོག་པར་རྒྱག་ལག་རྩལ་བེད་སྤྱད་ནས་སྤྱི་ཕན་གཏུག་བཤེར་གྱོད་གཞིར་བརྟག་དཔྱད་དང་དཔང་རྟགས་ལེན་པར་རམ་འདེགས་བྱས་ཤིང་། “ཞིབ་བཤེར+མི་མེད་གནམ་གྲུའི”གྱོད་དོན་སྒྲུབ་པའི་རྣམ་པ་གསར་པ་འགོ་བཙུགས་པས་དེ་བས་ལེགས་པའི་སྒོ་ནས་བོད་ལྗོངས་ཀྱི་སྣོད་བཅུད་སྲུང་སྐྱོང་བྱེད་པར་ཚད་བརྒལ་གསར་པ་སྦྱིན་ཡོད།

2018ལོའི་ཟླ་9པར། ཁེར་གཉེར་ཁྱིམ་དུད་ལྦང་ག་གེ་མོས་ཁྲིམས་འགལ་ངང་གློག་སྣོད་རྙིང་རོ་སོགས་ཉེན་ཁ་ཆེ་བའི་ཟོག་རོ་བརྒྱུད་འདྲེན་བྱེད་པའི་དོགས་གཞི་ཡོད་པས། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་སྣོད་བཅུད་ཁོར་ཡུག་ཅུས་ཀྱིས་ཞིབ་བཤེར་བྱས་པ་བརྒྱུད། ལྦང་ག་གེ་མོས《ཉེན་ཁ་ཆེ་བའི་ཟོག་རོ་སྤོ་བའི་འཛིན་ཤོག》བྲིས་མེད་པའི་གནས་ཚུལ་འོག་རང་འདོད་ངང་གློག་སྣོད་རྙིང་རོ་སོགས་ཀྱི་ཉེན་ཁ་ཆེ་བའི་ཟོག་རོ་ཨན་ཧུའེ་ཞིང་ཆེན་དུ་བརྒྱུད་འདྲེན་བྱེད་རྩིས་བྱས་ཡོད། བསམ་གྲུབ་རྩེ་ཆུས་སྣོད་བཅུད་ཁོར་ཡུག་ཅུས་ཀྱིས་ཁོ་པར་དངུལ་ཆད་སྒོར་ཁྲི་2བཏང་བ་མ་ཟད། ཁྲིམས་ལུགས་ཁྲིམས་སྲོལ་ལ་གཞིགས་ནས་བསྡུ་རུབ་བྱས་ཟིན་པའི་ཉེན་ཁ་ཆེ་བའི་ཟོག་རོ་དག་འོས་འཚམ་ངང་ཐག་གཅོད་བྱེད་དགོས་པའི་བཀའ་བཏང་ཡོད།

བོད་ལྗོངས་སུ་ཁྲིམས་ལྟར་འགན་འཁྲི་རྩད་གཅོད་བྱེད་པ་དེ་སློབ་གསོ་དང་ཟིལ་ཤུགས་ཀྱི་ནུས་པ་ངེས་ཅན་ལྡན་པ་ཞིག་ཏུ་གྲུབ་ཡོད། བོད་ལྗོངས་ཀྱིས་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་དྲུག་པར་རྩིས་སྤྲོད་བྱས་པའི་སྣོད་བཅུད་ཁོར་ཡུག་ལ་གཏོར་སྐྱོན་ཕོག་པའི་གནད་དོན་7ཆེད་དོན་དམིགས་གཉེར་བྱས་ཤིང་། ཐིང་རིམ་པའི་ལས་བྱེད་པ་14ཚུད་པའི་མི་83ལ་འགན་འཁྲི་རྩད་གཅོད་བྱས་པ་དང་། མི་39ལ་ཏང་གི་སྒྲིག་ཁྲིམས་སྲིད་དོན་གྱི་ཆད་གཅོད་བཏང་ཡོད།

རང་བྱུང་ཁམས་ལ་ལྟ་སྲུང་བྱས་ནས་རྒྱུན་མཐུད་ངང་ཤིང་འཛུགས་ནགས་གསོ་བྱེད་པ།

བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱིས་ཉེ་བའི་ལོ་ཤས་རིང་དོ་དམ་ས་ཚིགས་73བསྐྲུན་པའི་འཆར་འགོད་བྱས་པ་དང་། ཞིང་འབྲོག་པའི་ཆེད་ལས་བདག་སྐྱོང་བ་780གདན་ཞུ་བྱས་ཤིང་། བདག་སྐྱོང་བ་དང་ཁྲིམས་འཛིན། མཁྲེགས་ཆས་སོགས་ཀྱི་ཐད་རང་འགུལ་ངང་གྲུབ་འབྲས་ཡོད་པ་དང་ཚོད་ལྟའི་གསར་གཏོད་བྱས་པས་ལྷོད་གཡེང་ནས་ནན་པོ་བར་གྱི་དོ་དམ་དང་། སྒོ་དབྱེའི་རྣམ་པ་ནས་བཀག་སྡོམ་གྱི་རྣམ་པ་བར་གྱི་དོ་དམ། ཆེད་ལས་བདག་སྐྱོང་བ་སྤྱིར་བཏང་ཞིང་འབྲོག་པ་ནས་སྣོད་བཅུད་སྲུང་སྐྱོང་བའི་བར་གྱི“འགྱུར་བ་གསུམ”ལེགས་སྒྲུབ་བྱུང་ཡོད།

གྲངས་གཞི་ལས་གསལ་བར། དོ་དམ་ས་ཚིགས་འཁོར་སྐྱོད་བྱས་པ་ནས་བཟུང་། རིགས་མི་འདྲ་བའི་བའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ཐོན་ཟོག་མགོ་གྲངས(ར་ཅོ)2587རྩིས་ལེན་བྱས་པ་དང་། བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་གལ་ཆེའི་གནས་སྤོའི་འགྲོ་ལམ་ཐོག་ཡོད་པའི་དྲ་བའི་ར་སྐྱོར་སྨི་ཁྲི་9.56བཤིག་པ། ཁྲིམས་འགལ་ངང་སྲུང་སྐྱོང་ཁུལ་དུ་འཛུལ་བའི་གྱོད་དོན་46དང་མི་ཐེངས་406བཀག་འགོག་བྱས་པས་བྱང་ཐང་ལ་ལོ་རྒྱུས་ཐོག་ཆེས་དོ་ནན་པའི་སྲུང་སྐྱོང་བྱས་ཡོད།

ལོ་57ལ་སླེབས་པའི་ཤན་རྩ་རྫོང་གི་བདག་སྐྱོང་བ་སྐལ་དབང་གིས“ངས་ཉིན་ལྟར་སྦག་སྦག་བཞོན་ནས་ལམ་ཚད་སྤྱི་ལེ་20ལྷག་ཙམ་སྐོར་ལྟ་བྱེད་པར་བསྐྱོད་ཀྱི་ཡོད། གཙོད་ནི་ལོ་རེ་ལས་མ་འདས་པར་མང་དུ་འགྲོ་བ་དང་མི་ལ་ཡང་སྐྲག་སྣང་མེད་པར་ང་ཚོ་སྲུང་སྐྱོང་བྱེད་མཁན་ཡིན་པ་ཤེས་ཀྱི་འདུག ངས་ད་དུང་རྟག་པར་ཐག་ཉེ་ས་ནས་གཙོད་ཀྱིས་རྩྭ་བཟའ་བ་དང་མཆོང་རྒྱུག་བྱེད་པའི་བརྙན་ཐུང་བླངས་ཏེ་འཕྲིན་ཕྲན་ཐོག་བསྐུར་གྱི་ཡོད”ཅེས་བརྗོད།

བོད་རང་སྐྱོང་ལྗོངས་སྣོད་བཅུད་ཁོར་ཡུག་ཐིང་གི་ཐིང་ཀྲང་བཞོན་པ་ཀྲང་ཐན་ཧྭ་ཡིས། 2018ལོར་བོད་ཀྱི་ཆུའི་ཁོར་ཡུག་དང་རླུང་ཁམས་ཆེ་མོའི་ཁོར་ཡུག སྒྲའི་ཁོར་ཡུག རྩྭ་ཐང་དང་ནགས་ཚལ། འདམ་ར། སྐྱེ་དངོས་སྣ་མང་རང་བཞིན་སོགས་ཀྱི་གནས་སྟངས་ལེགས་པོ་ཡོད་པས་བོད་ལྗོངས་ནི་སྔར་བཞིན་འཛམ་གླིང་ཐོག་སྣོད་བཅུད་ཁོར་ཡུག་སྤུས་ཚད་ཡག་ཤོས་ཀྱི་ས་ཁུལ་གྲས་ཤིག་ཡིན་ཞེས་བརྗོད།

གྲངས་གཞི་ལས་གསལ་བར། 2018ལོའི་ལོ་མཇུག་བར། བོད་ལྗོངས་སུ་རིགས་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་47བཙུགས་པ་དང་། སྲུང་སྐྱོང་ཁུལ་གྱི་སྤྱིའི་རྒྱ་ཁྱོན་གྱིས་ལྗོངས་ཡོངས་ཀྱི་རྒྱལ་ཁོངས་ས་ཆའི་རྒྱ་ཁྱོན་གྱི་34.35%ཟིན་ཡོད། བོད་ལྗོངས་ཀྱི་ནགས་ཚལ་ཁེབས་ཚད་12.14%ཟིན་པ་དང་ལྗོངས་ཡོངས་ཀྱི་ནགས་ཚལ་རྒྱ་ཁྱོན་ནི་རྒྱལ་ཡོངས་ཀྱི་ཨང་5པར་སླེབས་ཡོད།

2017ལོར། བོད་ལྗོངས་ཀྱིས་དུས་ཡུན་ལོ་3སྤྱད་ནས་ས་བབ་མཐོ་ཚད་སྨི་4300མན་གྱི་ས་ཆར་ཁྱོན་ཡོངས་ནས“ཤིང་མེད་པའི་གྲོང་ཚོ་དང་ཤིང་མེད་པའི་དུད་ཁྱིམ”གྱི་གནས་ཚུལ་སེལ་བའི་བརྩོན་ལེན་བྱ་རྒྱུ་གཏན་འབེབས་བྱས་པ་དང་། མིག་སྔའི་བར་ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་ཁུལ)7དུ་ཁྱོན་ཤིང་མེད་པའི་གྲོང་ཚོ་1079དང་ཤིང་མེད་པའི་དུད་ཁྱིམ་ཁྲི་10.47ལྷག་ཙམ་གྱི་ཤིང་མེད་པའི་གནས་ཚུལ་བསལ་བས་འཛུགས་སྐྲུན་གྱི་ལས་འགན་ཆ་ཚང་ལེགས་གྲུབ་བྱུང་ཡོད།

“རི་ལ་བརྟེན་ནས་འཚོ་བར་རོལ་བའི”ལྗང་མདོག་ཐོན་ལས་འཕེལ་རྒྱས་གཏོང་བ།

སྣོད་བཅུད་སྲུང་སྐྱོང་ཨང་དང་པོར་འཇོག་པའི་སྔོན་འགྲོའི་ཆ་རྐྱེན་འོག་བོད་ལྗོངས་ཀྱིས་རང་བྱུང་སྲུང་སྐྱོང་ཁུལ་དང་རྒྱལ་ཁབ་འདམ་རའི་སྤྱི་གླིང་ལ་བརྟེན་ནས་སྣོད་བཅུད་ཡུལ་སྐོར་འཕེལ་རྒྱས་བཏང་བས། ཡུལ་སྐོར་ལས་རིགས་དེ་ལྗང་མདོག་འཕེལ་རྒྱས་དང་ཞིང་འབྲོག་པའི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་གལ་ཆེན་དུ་གྱུར་ཡོད།

ཟླ་8པའི་སྐབས་ཀྱི་བོད་ལྗོངས་ནི་ཡུལ་སྐོར་བཟང་བའི་དུས་སུ་སླེབས་ཤིང་། ཁྲོན་བོད་གཞུང་ལམ་ལམ་རྒྱུད་ཀྱི་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་ར་འོག་མཚོར་གངས་རི་དང་ནགས་ཚལ། སྔོ་བསངས་ཀྱི་ནམ་མཁའ་། དྭངས་གཙང་གི་མཚོ་མོ་བཅས་ལྡན་པས་ཡུལ་སྐོར་བ་རྒྱུན་ཆད་མེད་པར་སྣང་། ར་འོག་མཚོའི་སྒེར་འཁོར་སྒར་ས་ནི་དེ་སྔོན་འདམ་རྡོའི་ཆུ་རུད་རྒྱུག་ཤུར་ཡིན་པ་དང་། ལམ་ཞོར་ཡུལ་སྐོར་ནས་ཞག་སྡོད་ཡུལ་སྐོར་བར་དང་། དེ་ནས་དྲ་ཐོག་མིང་གྲགས་ཡོད་པའི་ས་ཆའི་བར་ཁྲོན་བོད་གཞུང་ལམ་ལམ་རྒྱུད་ཀྱི་ར་འོག་གྲོང་རྡལ་ལ་འཕོ་འགྱུར་གསར་པ་བྱུང་ཡོད།

ལོ་24སླེབས་པའི་དཔའ་ཤོད་རྫོང་ར་འོག་གྲོང་རྡལ་ལ་སྒོ་གྲོང་ཚོའི་དབུལ་པོའི་དུད་ཁྱིམ་ཡིན་པའི་རྡོ་རྗེ་ནི་དེ་གར་ལས་ཀ་བྱས་ནས་ལོ་2ལྷག་ཙམ་སོང་ཡོད་པ་དང་། ཟ་ཁང་གི་ཞབས་ཞུ་བའི་སྣེ་འཁྲིད་པར་གྱུར་ཡོད་ཅིང་། ད་ལོར་ད་དུང་མ་བྱན་གྱི་ལག་རྩལ་སྦྱངས་ཡོད། “2017ལོ་ནས་བཟུང་ང་རང་འདིར་ལས་ཀ་བྱེད་ཀྱི་ཡོད། ཀུང་སི་དང་ངལ་རྩོལ་གན་རྒྱ་བཞག་ནས་ཟླ་རེར་གླ་ཆ་སྒོར་3000ལྷག་ཙམ་ཡོད། ཁྱིམ་དང་ཐག་ཉེ་བས་ནང་མིར་ལྟ་རྟོག་དང་ཞིང་ལས་བྱེད་ཁོམ་འདུག”ཅེས་བརྗོད་པ་དང་། དམའ་འབྲིང་རིག་གནས་ཐོན་པའི་ཁོ་པ་དེ་སྔོན་གང་སར་གླ་པ་རྒྱུག་ནས་ཡོང་འབབ་བརྟན་པོ་མེད། ད་ཆ་ཁོ་པ་ཁྱིམ་གྱི་རྐང་འཛིན་པར་གྱུར་ཡོད།

བོད་ལྗོངས་ལ“ཨེ་ཤ་ཡའི་ཆུ་གསོག་མཐོ་ལྕོག”ཅེས་པའི་མཚན་སྙན་ལྡན་ཞིང་། རང་རྒྱལ་གྱི་ཆུའི་ཐོན་ཁུངས་ཆེས་ཕུན་སུམ་ཚོགས་པའི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་གྲས་ཤིག་ཡིན། ཉེ་བའི་ལོ་ཤས་རིང་བོད་ལྗོངས་ཀྱིས་རང་བྱུང་འཐུང་ཆུ་འཕེལ་རྒྱས་ཤུགས་ཆེན་བཏང་ཞིང་། སྣ་ཁ་མང་དུ་གཏོང་བ་དང་སྤུས་ལེགས་ཚོང་རྟགས་གཏོད་པ། ལས་རིགས་ཚད་ལྡན་དུ་གཏོང་བ་བཅས་ཀྱི་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་བས་རང་བྱུང་འཐུང་ཆུའི་ཐོན་ལས་དེ་དམངས་ཕྱུག་བོད་དར་ཀྱི་ཀ་བརྟེན་ལྟ་བུའི་ཐོན་ལས་སུ་གཏན་འཁེལ་བྱས་ཡོད།

གསར་འགོད་པས་བོད་ལྗོངས་རང་བྱུང་འཐུང་ཆུའི་ཐོན་ལས་འཕེལ་རྒྱས་མཐུན་སྦྱོར་འགོ་ཁྲིད་ཚོགས་ཆུང་ནས་ཤེས་རྟོགས་བྱུང་བར། མིག་སྔའི་བར་ལྗོངས་ཡོངས་སུ་ཁྱོན་རང་བྱུང་འཐུང་ཆུའི་ཐོན་སྐྱེད་ཁེ་ལས་35(གཞི་ཁྱོན་ལྡན་པ་ཡན་གྱི་ཁེ་ལས་6)ཡོད་ཅིང་། ཇུས་འགོད་བྱས་པའི་སྤྱིའི་ཐོན་ཚད་ཏུན་ཁྲི་400ལས་བརྒལ་ཡོད། སྡོམ་རྩིས་རགས་ཙམ་བྱས་པར་གཞིགས་ན། ལྗོངས་ཡོངས་ཀྱི་རང་བྱུང་འཐུང་ཆུའི་ཐོན་ལས་ཀྱིས་མི་ཁྲི་ལ་ཉེ་བ་ཐད་ཀར་ལས་ཞུགས་ཐུབ་པ་དང་མི་ཁྲི་3ལ་ཉེ་བ་གཞན་རྒྱུད་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་ཡོད།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།