རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གིས་དམངས་གཉེར་ཁེ་ལས་དང་ཁེ་ལས་འབྲིང་ཆུང་གི་དུས་འགྱངས་ཆད་དངུལ་གཙང་སྤྲོད་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ད་ལོའི་ཚུན་དུ་རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། དམངས་གཉེར་ཁེ་ལས་དང་ཁེ་ལས་འབྲིང་ཆུང་གི་དུས་འགྱངས་ཆད་དངུལ་གཙང་སྤྲོད་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་དམངས་གཉེར་ཁེ་ལས་དང་ཁེ་ལས་འབྲིང་ཆུང་གི་ཁེ་དབང་འགན་སྲུང་ནུས་ལྡན་བྱས་པ་དང་གཉེར་སྐྱོང་བྱེད་པོའི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་སྔར་བས་ཆེ་རུ་བཏང་ཡོད།

དུས་འགྱངས་ཆད་དངུལ་གཙང་སྤྲོད་ལས་དོན་སྤེལ་བ་ནས་བཟུང་། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས“གཏོགས་ཁོངས་དོ་དམ་བྱེད་པ་དང་། རིམ་པ་དབྱེ་ནས་འགན་འཁུར་བ། སུས་ལྟ་འདོམས་བྱས་ན་དེས་འགན་འཁུར་བ”བཅས་ཀྱི་རྩ་དོན་གཞིར་བཟུང་། དུས་འགྱངས་ཆད་དངུལ་གཙང་སྤྲོད་ལས་དོན་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་པ་དང་། རང་སྐྱོན་རང་བཤེར་དང་རང་སེལ་མགྱོགས་མྱུར་བྱས་པ། རང་འགུལ་ངང་དུས་འགྱངས་ཆད་དངུལ་ཕྱིར་སློག་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་འོག་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁེ་ལས་ཀྱི་ཁུར་པོ་ཡང་གཏོང་པུའི་མཉམ་འབྲེལ་ཚོགས་འདུའི་མཛུབ་ཁྲིད་འོག རང་སྐྱོང་ལྗོངས་ཀྱི་དུས་འགྱངས་ཆད་དངུལ་གཙང་སྤྲོད་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་མ་ཟད། སྔོན་དཔག་གི་དམིགས་ཚད་ཀྱང་མངོན་འགྱུར་བྱུང་ཡོད། ཟླ6པའི་ཟླ་མཇུག་བར་ལྗོངས་ཡོངས་ཀྱིས་དུས་འགྱངས་ཆད་དངུལ་ཁྱོན་སྒོར་དུང་ཕྱུར66.29གཙང་སྤྲོད་བྱས་པའི་ནང་དངུལ་སྒོར་དུང་ཕྱུར26.62ཕྱིར་སློག་ཟིན་པ་དང་ད་དུང་སྒོར་དུང་ཕྱུར39.67(ལོ་མཇུག་གོང་སྒོར་དུང་ཕྱུར6.88གཙང་སྤྲོད་བྱེད་རྩིས་ཡོད་པ)ལྷག་ཡོད། དེའི་ནང་སྲིད་གཞུང་སྡེ་ཚན་དང་དེ་བཞིན་ཁོངས་གཏོགས་སྒྲིག་གཞིའི་དུས་འགྱངས་ཆད་དངུལ་སྒོར་དུང་ཕྱུར56.95ཟིན་པའི་ནང་དངུལ་སྒོར་དུང་ཕྱུར18.21ཕྱིར་སློག་ཟིན་པ་དང་ད་དུང་སྒོར་དུང་ཕྱུར38.74(ལོ་མཇུག་གོང་སྒོར་དུང་ཕྱུར6.41སློག་རྩིས་ཡོད་པ)ལྷག་ཡོད་པ་དང་། གཞུང་ཁོངས་ཁེ་ལས་ཆེ་གྲས་ཀྱི་དུས་འགྱངས་ཆད་དངུལ་སྒོར་དུང་ཕྱུར9.34ཟིན་པའི་ནང་དངུལ་སྒོར་དུང་ཕྱུར8.41ཕྱིར་སློག་ཟིན་པ་དང་ད་དུང་སྒོར་དུང་ཕྱུར0.92(ལོ་མཇུག་གོང་སྒོར་དུང་ཕྱུར0.47སློག་རྩིས་ཡོད་པ)ལྷག་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།