2019ལོའི་ལྷ་སའི་ཞོ་སྟོན་དུས་ཆེན་ཟླ8པའི་ཚེས30ཉིན་ནས་ཟླ9པའི་ཚེས5ཉིན་བར་སྤེལ་རྒྱུ་རེད།

a1e41ef65a7c4bb59cf7030d8367f60a.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས2019ལོའི་ཀྲུང་གོའི་ལྷ་སའི་ཞོ་སྟོན་དུས་ཆེན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་ཤེས་རྟོགས་བྱུང་བ་ལྟར་ན།  དགའ་སྤྲོ་འཁོལ་བའི་ཞོ་སྟོན། མཛེས་སྡུག་ལྡན་པའི་ལྷ་སཞེས་པ་བརྗོད་དོན་བྱས་པའི་ད་ལོའི་ཞོ་སྟོན་དུས་ཆེན་དེ་ཟླ8པའི་ཚེས30ཉིན་ནས་ཟླ9པའི་ཚེས5ཉིན་བར་ལྷ་ས་གྲོང་ཁྱེར་དུ་སྤེལ་རྒྱུ་རེད། ཞོ་སྟོན་དུས་ཆེན་གྱིས“རིག་གནས+ལུས་རྩལ+ཡུལ་སྐོར”བཅས་ཀྱི་རྣམ་པ་བརྒྱུད་དེ་ལྷ་སའི“དུས་ཆེན་དཔལ་འབྱོར”འཕེལ་རྒྱས་དང་སྐྱེད་སྲིང་ཤུགས་ཆེན་བྱས་ཏེ་ལྷ་སའི་ལོ་རྒྱུས་རིག་གནས་དང་ཡུལ་སྲོལ་གོམས་གཤིས་ཕྱོགས་ཡོངས་ནས་མངོན་ཐུབ་པ་དང་།  དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ60འཁོར་རིང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཐོབ་པའི་གྲུབ་འབྲས་མངོན་ཐུབ་པ་བྱས་ཏེ།  རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བར་གངས་ལྗོངས་ས་མཐོའི་ཡུན་རིང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་རིག་གནས་དང་ཐུན་མོང་མ་ཡིན་པའི་ཡུལ་སྐོར་ཐོན་ཁུངས་འགྲེམས་སྟོན་གང་ལེགས་བྱ་རྒྱུ་མ་ཟད།  གྲོང་ཁྱེར་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་དང་གོང་བུ་སྒྲིལ་ཤུགས།  གསར་གཏོད་ནུས་པ་བཅས་ཀྱང་དེ་བས་ཆེ་རུ་གཏོང་ཐུབ་པ་བྱ་རྒྱུ་རེད།

ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་དང་ཞོ་སྟོན་དུས་ཆེན་སྒྲིག་འཛུགས་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་དབྱང་ཉིན་ཧྭ་ཡིས་ངོ་སྤྲོད་བྱས་པ་ལྟར་ན།  ཐེངས་འདིའི་ཞོ་སྟོན་དུས་ཆེན་ཐོག་ལྷ་ས་ནས་གནམ་མཚོའི་བར་རྐང་ཐང་སྐྱོད་པའི་འདུ་ཚོགས་སྐབས་བཅུ་གསུམ་པ་དང་། གོས་སྐུ་བཤམས་པ།  ལྷ་མོ་འཁྲབ་སྟོན།  ཞོ་སྟོན་གྱི་འགོ་ཚུགས་མཛད་སྒོ།  གྱོན་ཆས་འགྲེམ་སྟོན་བྱེད་སྒོ།  ཚོང་འགུགས་མ་འདྲེན་རྣམ་གྲངས་འོས་སྦྱོར་ཚོགས་འདུ་དང་གཅིག་བསྡུས་ཐོག་གན་རྒྱ་འཇོག་པའི་མཛད་སྒོ།  མི་རིགས་ཀྱི་སྲོལ་རྒྱུན་རྟ་རྩལ་འཁྲབ་སྟོན།  བོད་ཀྱི་མིག་མངས་རིག་རྩལ་ངོམས་པ།  ལྷ་སའི་ཞོ་སྟོན་ཐོག་གི་གྲགས་ཅན་ཚོང་ཟོག་ཉོ་ཚོང་བརྗེ་རེས་འདུ་ཚོགས་བཅས་བྱེད་སྒོ་ཆེ་གྲས9སྤེལ་རྒྱུ་རེད། 

ལྷ་ས་གྲོང་ཁྱེར་རིག་གནས་ཅུའུ་ཡི་ཏང་ཙུའི་ཧྲུའུ་ཅི་གཞོན་པའམ་ཅུའུ་ཀྲང་གཞོན་པ་ཝུའེ་ཏུང་གིས་ད་ལོའི་ཞོ་སྟོན་དུས་ཆེན་གྱིས་སྲོལ་རྒྱུན་བྱེད་སྒོའི་རྣམ་གྲངས་སོར་འཇོག་བྱས་པའི་རྨང་གཞིའི་ཐོག་གྱོན་ཆས་འགྲེམས་སྟོན་དང་བོད་ཀྱི་མིག་མངས་རྒྱག་རྩལ་ངོམས་པའི་བྱེད་སྒོ་གསར་སྣོན་བྱས་ཏེ་ལྗོངས་ཕྱི་ནང་གི་ཡུལ་སྐོར་བ་དང་རྒྱ་ཆེའི་མི་དམངས་མང་ཚོགས་ལ་ཐུན་མོང་མ་ཡིན་པའི་བོད་ཀྱི་རིག་གནས་མངོན་པ་དང་། བཅོས་སྒྱུར་བྱས་རྗེས་ཀྱི་ལྷ་མོའི་གར་སྟེགས་ཟློས་གར《གཟུགས་ཀྱི་ཉི་མ》དང་ལྷ་མོ་འཁྲབ་སྟངས་ཇེ་མང་དུ་བཏང་བ། འགོ་ཚུགས་མཛད་སྒོའི་ནང་དོན་ལའང་གསར་གཏོད་གང་མང་བྱས་ནས་དེ་སྔའི་ཆེད་དོན་དགོང་ཚོགས་ཀྱི་རྣམ་པ་ལས་སྒྱུར་ཏེ་བརྗོད་བྱ་མི་འདྲ་བའི་ལེའུ4ལ་དབྱེ་ནས་མི་དམངས་མང་ཚོགས་ཀྱི་འཚོ་བ་དངོས་དང་སྔར་བས་ཉེ་བ་དང་། སྒྱུ་རྩལ་རང་བཞིན་ཡང་དེ་བས་ཆེ་བ་ལྡན་ཡོད་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།