ལྷོ་ཁའི་གནོད་འཚེ་སྔོན་འགོག་དང་ཚོད་འཛིན་གྱི་ཆ་འཕྲིན་སྡེ་ཚན་མང་པོར་མཉམ་སྤྱོད་ཐུབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི“ཆུ་ལོག་གི་གནོད་འཚེ་འགོག་བཅོས་དང་། ལྟ་ཞིབ་ཚད་ལེན། སྔོན་བརྡ་གཏོང་བ་བཅས་ཀྱི་ཆ་འཕྲིན་སྡེ་ཚན་མང་པོས་མཉམ་སྤྱོད་ཀྱི་ལས་སྟེགས”ཀྱི་རྣམ་གྲངས་འཛུགས་སྐྲུན་ལེགས་གྲུབ་བྱུང་བ་དང་འབྲེལ་ལས་སྒོའི་ཐད་ཐོག་མར་སྤྱད་པ་དེ་ཐོག་ནས་ལྷོ་ཁ་གྲོང་ཁྱེར་གྱི་གནོད་འཚེ་སྔོན་འགོག་དང་ཚོད་འཛིན་གྱི་ལམ་སྲོལ་འཛུགས་སྐྱོང་ཐད་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། མཉམ་སྤྱོད་ལས་སྟེགས་འདི་ནི་ལྷོ་ཁ་གྲོང་ཁྱེར་ཆུ་བེད་ཅུས་ཀྱིས་སྣེ་ཁྲིད་འོག་གྲོང་ཁྱེར་གནམ་གཤིས་ཅུས་དང་། ཆུ་དཔྱད་ཅུས། དེ་བཞིན་རང་བྱུང་ཐོན་ཁུངས་ཅུས་སོགས་སྡེ་ཚན་མང་པོས་མཉམ་དུ་ཞིབ་མཇུག་གསར་སྤེལ་བྱས་ཏེ་2019ལོའི་ཟླ6པའི་ཟླ་དཀྱིལ་དུ་འཛུགས་སྐྲུན་བྱེད་འགོ་བཙུགས་ཤིང་། སྡེ་ཚན་མང་པོས་དུས་ཡུན་ཟླ་བ་གཅིག་རིང་སྟོབས་ཤུགས་གཅིག་སྒྲིལ་གྱིས་མཉམ་ལས་བྱས་པ་བརྒྱུད་ད་ལྟ་དངོས་སུ་ལེགས་གྲུབ་བྱུང་ཡོད། མཉམ་སྤྱོད་ལས་སྟེགས་འདིར་གནམ་གཤིས་དང་། ཆུ་བེད། ཆུ་དཔྱད། རང་བྱུང་ཐོན་ཁུངས་བཅས་སྡེ་ཚན་བཞིའི་དབར་གྱི་འཕྲིན་གཏོང་ཆེད་སྤྱོད་སྐུད་ལམ་སྤྱད་ཡོད་པས་དྲ་ཐོག་ཏུ་དུས་ཐོག་སྤེལ་རེས་དང་གྲངས་གཞི་དུས་ཐོག་མཉམ་སྤྱོད་ཐུབ་པ་དང་། སྡེ་ཚན་བཞིའི་དབར་གྱི་གྲངས་གཞི་གསོག་ཉར་དང་། སྔོན་བརྡའི་ཆ་འཕྲིན། ཁག་བགོས་ཐག་གཅོད། སྔོན་བརྡ་ཡོངས་བསྒྲགས་རྣམ་པའི་གསོག་ཉར་མངོན་འགྱུར་ཐུབ་པ། གཅིག་གྱུར་གྱི་གྲངས་གཞིའི་རྣམ་གཞག་ཚད་ལྡན་བཟོས་ནས་སྡེ་ཚན་བཞིའི་དབར་གྱི་རྒྱང་རིང་མཉམ་གྲོས་ཐུབ་སྟེ་གྲོང་ཁྱེར་དང་། རྫོང(ཆུས) ཤང(གྲོང་རྡལ) གྲོང་ཚོ(གྲོང་ལྷན)བཅས་རིམ་པ་བཞིའི་ཚན་པར་ཡོངས་ཁྱབ་ཐུབ་པའི་ཆུ་ལོག་གནོད་འཚེ་དང་། གནམ་གཤིས་སྔོན་བརྡ། ཆུ་དཔྱད། ས་གཤིས་གནོད་འཚེ་བཅས་ཀྱི་སྔོན་བརྡའི་ཆ་འཕྲིན་མཉམ་འབྲེལ་ཐོག་ཡོངས་བསྒྲགས་ཐུབ་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།