བོད་ལྗོངས་ལྷོ་ཁའི་དབུལ་སྒྲོལ་སྐྱེལ་འདྲེན་རུ་ཁག

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2019ལོར་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གི་དབུལ་ཞྭ་ཕུད་ཅིང་། ལོ་བཅུ་ལྷག་ཙམ་གོང་རྫོང་དེའི་མི་རེའི་ཆ་སྙོམས་ལོའི་ཡོང་འབབ་སྒོར400ལས་ཟིན་གྱི་མེད། ལྷུན་རྩེ་རྫོང་དུ“དབུལ་སྒྲོལ་སྐྱེལ་འདྲེན་རུ་ཁག”གཅིག་ཡོད་པ་དེས་ཞིང་འབྲོག་པའི་དབུལ་སྒྲོལ་ཕྱུག་འགྱུར་ལ་རམ་འདེགས་བྱས་ཡོད།

2006ལོར་བོད་རང་དུ་རིམ་བཞིན་འཚར་ལོངས་བྱུང་བའི་དམངས་གཉེར་ཁེ་ལས་ཏེ། ཧྭ་ཡུས་གཏེར་ལས་ཚོགས་པ་ཀུང་སིས་སྔར་ཡོད་ཀྱི་སྐྱེལ་འདྲེན་རུ་ཁག་གཏོར་བའི་ཐག་བཅད། ཏུང་ཧྲི་ཀྲང་ལིའུ་ཅན་ཅུན་གྱིས་ལྷུན་རྩེ་རྫོང་སྲིད་གཞུང་དང་འབྲེལ་བ་བྱས་ནས། “བོད་ལྗོངས་ལྷོ་ཁ་ལྷུན་རྩེ་རྫོང་རི་ཐང་གྲོང་རྡལ་རྫོང་ནག་ཞིང་པའི་སྐྱེལ་འདྲེན་རུ་ཁག”བཙུགས་ཏེ། ཀུང་སིའི་གཏེར་སའི་གཏེར་རྡོ་དང་གཏེར་ཁའི་རོ་ཏོ་སོགས་སྐྱེལ་འདྲེན་གྱི་ལས་ཀའི་འགན་འཁུར་རྒྱུའི་གྲོས་མཐུན་བྱས།

ཧྭ་ཡུས་གཏེར་ལས་ཀྱིས་སྐྱེལ་འདྲེན་བདལ་གླ་ཁྲོམ་རའི་རིན་གོང་ལས་མཐོ་བ་སྤྲོད་ཀྱི་ཡོད་པས། ས་གནས་དེ་གའི་བོད་རིགས་སྤུན་ཟླའི་ལས་ཀའི་ཧུར་སེམས་ཆེ་རུ་འགྲོ་བར“དབུལ་སྒྲོལ་སྐྱེལ་འདྲེན་རུ་ཁག”གིས་ནུས་པ་གལ་ཆེན་ཐོན་ཡོད།

“ཡོང་འབབ་ང་ཚོའི་ཚོད་དཔག་ལས་མཐོ་བ་འདུག་པས། ང་ཚོའི་ལས་ཀ་བྱེད་སེམས་དེ་བས་ཆེ་རུ་ཕྱིན་སོང”ཞེས་བོད་རིགས་ཀྱི་ཁ་ལོ་བ་ཞིག་གིས་དེ་ལྟར་བཤད། ལོ་བཅུ་ལྷག་ཙམ་འབད་འཐབ་བྱས་པ་བརྒྱུད། ས་གནས་དེ་གའི་ཞིང་འབྲོག་པའི་དཔལ་འབྱོར་ཡོང་འབབ་དང་དེ་བཞིན་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད།

བསྡོམས་རྩིས་བྱས་པར་གཞིགས་ན། “དབུལ་སྒྲོལ་སྐྱེལ་འདྲེན་རུ་ཁག”གིས་ལོ་ལྟར་ཞིང་འབྲོག་པར་དབོར་འདྲེན་ཡོང་འབབ་སྒོར་ཁྲི2000ལྷག་ཙམ་སྤྲོད་ཀྱི་ཡོད་པ་དང་། 2018ལོར་སྒོར་ཁྲི3000ལྷག་ཙམ་ཟིན་ཡོད། ད་ཆ་རི་ཐང་གྲོང་རྡལ་གྱི་ཞིང་འབྲོག་པའི་ལོ་རེའི་ཡོང་འབབ་སྒོར8000ལས་བརྒལ་ཟིན་པ་དང་མི་རེའི་ཆ་སྙོམས་ཡོང་འབབ་ལྡབ་ཉི་ཤུ་འཕར་ཡོད།

སྐྱེལ་འདྲེན་རུ་ཁག་གི་དབུལ་སྒྲོལ་རོགས་སྐྱོར་གྱི་གྲུབ་འབྲས་མངོན་གསལ་དོད་པས། ལིའུ་ཅན་ཅུན་གྱིས་གནས་ལུགས་ཤིག་རྟོགས་པ་སྟེ། ས་གནས་དེ་གའི་ཞིང་འབྲོག་པས་ལག་རྩལ་སྣེ་གཅིག་བྱང་ཆུབ་ཚེ། “གཞན་རྟེན”ཐུབ་པ་མ་ཟད། “རང་རྟེན”ཡང་ཐུབ་ནས་གནད་སྨིན་དབུལ་སྐྱོར་ལ་ཡུན་རིང་ཕན་འབྲས་ཐོན་ཐུབ་པ་དེ་རེད།

2018ལོར་ཧྭ་ཡུས་གཏེར་ལས་ཀྱིས་མ་དངུལ་སྒོར་ཁྲི67.5བཏང་ནས་ཆུ་གསུམ་རྫོང་གི་ཞིང་འབྲོག་པ90ལ་རོགས་སྐྱོར་བྱས་པ་དང་། ཁོ་ཚོར་རྐོ་འདྲུའི་འཕྲུལ་འཁོར་གཏོང་སྟངས་ཀྱི་རྩལ་ནུས་གསོ་སྦྱོང་བྱས་པས། རང་གིས་སྦྱངས་པའི་ལག་རྩལ་ལ་བརྟེན་ནས་དབུལ་སྒྲོལ་ཐུབ་ཡོད། སློབ་འགོ་ཚུགས་པའི་མཛད་སྒོར་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ང་ཕོད་འཇིགས་ཡོན་གྱིས། ཧྭ་ཡུས་གཏེར་ལས་ཀུང་སིས་ཆུ་གསུམ་རྫོང་གི་ཞིང་འབྲོག་པར་རྩལ་ནུས་གསོ་སྦྱོང་བྱེད་རོགས་བྱས་པ་དེ་ནི་དམངས་གཉེར་ཁེ་ལས་ཀྱིས་བྱ་སྤྱོད་དངོས་ལ་བརྟེན་་ནས“ཁེ་ལས་བརྒྱ་ཡིས་གྲོང་ཚོ་བརྒྱར་རོགས་སྐྱོར་བྱེད་པའི”གནད་སྨིན་དབུལ་སྐྱོར་ལ་བརྟེན་ཏེ་ལས་ཞུགས་ལ་སྐུལ་འདེད་བཏང་བ་ཞིག་རེད། “མི་གཅིག་ལས་ཞུགས་ཐུབ་ན་ཁྱིམ་ཚང་གཅིག་དབུལ་སྒྲོལ”ཐུབ་པས། བོད་ཀྱི་གནད་སྨིན་དབུལ་སྒྲོལ་ལས་དོན་ལ་ལེགས་སྐྱེས་ཕུལ་ཡོད་ཅེས་གསུངས།

ཧྭ་ཡུས་གཏེར་ལས་ཀུང་སི་བསྐྲུན་མ་ཐག་པའི་སྐབས་སུ། ཁྱིམ་ཚང་དབུལ་པོར“མ་དངུལ་ཞལ་འདེབས་ཕུལ་ནས་སློབ་རོགས”ཀྱི་འཆར་གཞི་བཟོས་ཏེ། ལོ་ལྟར་མ་དངུལ་ཞལ་འདེབས་ཕུལ་ནས་སློབ་རོགས་ཀྱི་བྱེད་སྒོ་སྤེལ་གྱི་ཡོད། ལྷོ་ཁ་ས་ཁུལ་གྱི་ན་མོ་ཆེ་གྲོང་ཚོར་ཉི་འོད་སྔོ་ཚལ་དྲོད་ཁང་ཆེ་མོའི་རྣམ་གྲངས་སྐྲུན་རོགས་བྱས་པ་དང་། ས་གནས་དེ་གའི་ཞིང་འབྲོག་པར་མ་དངུལ་གྱི་རོགས་སྐྱོར་བྱས་ནས་བྱེ་རྡོ་ར་བ་སོགས་སྐྲུན་རོགས་བྱས་པ། ད་དུང་ཟམ་པ་སྐྲུན་པ་དང་། ལམ་བུ་བཟོ་བ། བདེ་འཇགས་འཐུང་ཆུ། འཕྲོད་བསྟེན་སྨན་བཅོས། རྩལ་ནུས་གསོ་སྦྱོང་སོགས་ཀྱི་སྤྱི་ཕན་སྒྲིག་ཆས་ལ་མ་དངུལ་གྱི་རོགས་སྐྱོར་བྱས་ཡོད།

གཞན་ཡང་། ཧྭ་ཡུས་གཏེར་ལས་ཀུང་སི་བཙུགས་པ་ནས་བཟུང་། ལོ་ལྟར་གཏེར་རྡོ་ཏུན་གཅིག་བཏོན་ན་སྒོར་གཅིག་དབུལ་སྐྱོར་མ་དངུལ་དུ་བརྩིས་ནས་གོང་འབུལ་ཞུ་བའི་ལུགས་སྲོལ་ད་བར་རྒྱུན་གཏན་ནས་ཆད་མྱོང་མེད། 2017ལོ་བར་ཧྭ་ཡུས་གཏེར་ལས་ལྷོ་ཁ་ཡན་ལག་ཀུང་སིས་རིམ་རྩིས་བྱས་ན་གཏེར་ཁུལ་གྱི་རྫོང་དང་། ཤང་། གྲོང་ཚོ། ཚོགས་ཆུང་བཅས་ལ་སྤྱི་ཕན་རྣམ་གྲངས་དང་དེ་བཞིན་དབུལ་སྐྱོར་མ་དངུལ་སྒོར་ཁྲི9000ལྷག་ཙམ་སྤྲད་པ་དང་། རིམ་རྩིས་བྱས་ན་ཁྲལ་དངུལ་སྒོར་དུང་ཕྱུར5.35འཇལ་བས་ས་གནས་དེ་གའི་ནོར་སྲིད་ཡོང་འབབ་ཧ་ཅང་མཐོ་རུ་ཕྱིན་ཡོད།

2018ལོའི་ཟླ6ཚེས19ཉིན“གཏེར་ཁུལ་ཞིག་གསར་སྤེལ་བྱས་ན་ཡུག་ཁུལ་ཞིག་ལ་ཕན་པ་ཐོབ་དང་། ཡུལ་ཕྱོགས་གཅིག་ལ་ཕན་བདེ་སྐྲུན་པའི”འཕེལ་རྒྱས་ཀྱི་འདུ་ཤེས་གཞིར་བཟུང་། “བོད་ལྗོངས་ཧྭ་ཡུས་གཏེར་ལས་དགེ་སྒྲུབ་དབུལ་སྐྱོར་ཐེབས་རྩ་ལྷན་ཚོགས”དངོས་སུ་བཙུགས་པ་རེད། ཧྭ་ཡུས་གཏེར་ལས་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཞུས་ཅན་ཧྭ་ཡིས་ང་ཚོས་ཐེབས་རྩ་ལྷན་ཚོགས་འཛུགས་དོན་ནི་ཐད་ཀར་བོད་ཀྱི་མི་དམངས་དང་སྤྱི་ཚོགས་ལ་དྲིན་ལན་འཇལ་བྱེད་རེད་ཅེས་བཤད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།