ལྷ་ས་དང་ཟི་ལིང་གིས“དམངས་ཡོངས་ཀྱི་ལུས་སྦྱོང་ཉིན་མོའི”བྱེད་སྒོ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཀྱི་སྡེ་ཁུལ་ཁག་གི་ལུས་སྦྱོང་རུ་ཁག་དང་རང་སྐྱོང་ལྗོངས་ཀྱི་ཚན་པ་ཁག་གི་གྲོང་མི་ཆིག་སྟོང་ལྷག་ཙམ་ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་གྱི་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་སུ་འཛོམས་ཏེ། “དམངས་ཡོངས་ཀྱི་ལུས་སྦྱོང་ཉིན་མོའི”བོད་ཀྱི་ཡན་ལག་ཚོགས་རའི་བྱེད་སྒོར་མཉམ་དུ་ཞུགས་པ་རེད།

ད་རེས་འཁྲབ་སྟོན་ནང་ཞུགས་མཁན་རུ་ཁག12ནི་བོད་ལྗོངས་ཀྱི་སྡེ་ཁུལ་གྱི་ལུས་སྦྱོང་ཚོགས་པ་ཆེ་གྲས་ཁག་གཅིག་ཡིན་པ་དང་། ལྷ་ས་གྲོང་ཁྱེར་ཕུད། ནག་ཆུ་ས་ཁུལ་དང་གཞིས་རྩེ་གྲོང་ཁྱེར་སོགས་ཀྱི་རུ་ཁག་ཀྱང་འགྲན་བསྡུར་ནང་ཞུགས་ཡོད་པ་རེད། གཞིས་རྩེ་གཙང་པའི་ཨ་ཅག་ལུས་སྦྱོང་རུ་ཁག་གི་རུ་སྣེ་འཁྲིད་མཁན་དབྱངས་སྐྱིད་ཀྱིས་གསར་འགོད་པར། ཁོང་ཚོའི་རུ་ཁག1999ལོ་ནས་བཙུགས་པ་དང་། ད་བར་ཉིན་ལྟར་ཆུ་ཚོད2ཀྱི་མཉམ་སྡེབ་ལུས་སྦྱོང་གི་བྱེད་སྒོ་རྒྱུན་འཁྱོངས་བྱེད་ཀྱི་ཡོད་ཅེས་བཤད།

ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར། ལྷ་སས་ལུས་སྦྱོང་ས་ཚིགས30ལྷག་ཙམ་བཙུགས་པ་དང་། གོམ་སྟབས་རྗེས་མར་ཁོང་ཚོའི་ལས་ཀའི་གཙོ་གནད་དེ་ལུས་སྦྱོང་ས་ཚིགས་ལ་རིམ་པ་དཔྱད་བསྡུར་དང་ལུས་སྦྱོང་ལུས་རྩལ་ཁྱབ་གདལ་གཏོང་བའི་ཐད་བཞག་ནས་ལུས་སྦྱོང་གི་རྨང་གཞིའི་སྒྲིག་ཆས་དང་ལུས་སྦྱོང་གི་འདུ་ཤེས་མཉམ་དུ་འཕེལ་རྒྱས་ཡོང་བར་སྔར་བས་སྐུལ་འདེད་གཏོང་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད། 

 2019ལོའི་རྒྱལ་ཡོངས་ཀྱི“དམངས་ཡོངས་ཀྱི་ལུས་སྦྱོང་ཉིན་མོ”བྱེད་སྒོའི་བོད་རང་སྐྱོང་ལྗོངས་ཀྱི་ཡན་ལག་ཚོགས་ར་དང་ལྗོངས་ཡོངས་ཀྱི་རླུང་འཕྲིན་ལུས་སྦྱོང་དགུ་པའི་འགྲན་བསྡུར་ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་ཀྱི་ལན་ཆིའུ་སྤོ་ལོ་ཁང་དུ་སྤེལ་ཞིང་། ད་ཐེངས་ཀྱི་བྱེད་སྒོར་ཁྱོན་འཁྲབ་སྟོན་རུ་ཁག12དང་རླུང་འཕྲིན་ལུས་རྩལ་རུ་ཁག14ཞུགས་ཡོད།

གཞན་ཡང་། 2019ལོའི་མཚོ་སྔོན་ཞིང་ཆེན་གྱི“དམངས་ཡོངས་ཀྱི་ལུས་སྦྱོང་ཉིན་མོའི”བྱེད་སྒོ་རབ་དང་རིམ་པའི་འགོ་ཚུགས་མཛད་སྒོ་ཡང་ཉིན་དེར་ཟི་ལིང་དུ་འཚོགས་པ་དང་། འགོ་ཚུགས་མཛད་སྒོ་འཚོགས་ཡུལ་དུ་རུ་ཁག10དང་བསྡོམས་མི2000གིས་ལུས་སྦྱོང་བྱེད་སྒོ་འཁྲབ་སྟོན་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཉིན་དེར་མཚོ་སྔོན་གྱི་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར(ཁུལ)དང་རྫོང(ཆུས)53ཚང་མར་ཡན་ལག་ཚོགས་ར་བཙུགས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོར་མཚོ་སྔོན་ཞིང་ཆེན་གྱིས་སྡེ་ཁུལ་གྱི་ལུས་སྦྱོང་ལྟེ་གནས་དང་། ལུས་སྦྱོང་བགྲོད་ལམ། ལུས་རྩལ་གྱི་སྤྱི་གླིང་སྒྲིག་བཀོད་སོགས་ཁག་གཅིག་བསྐྲུན་ཟིན་པ་བྱ་རྒྱུ་མ་ཟད། ཞིང་ཆེན་ཡོངས་སུ་རྒྱལ་དམངས་ཀྱི་གཟུགས་གཞིའི་ལྟ་ཞིབ་ཚད་ལེན་ས་ཚིགས53གསར་འཛུགས་བྱ་རྒྱུ་དང་། ཞིང་ཆེན་ཡོངས་སུ་རྫོང་རིམ་པའི་རྒྱལ་དམངས་ཀྱི་གཟུགས་གཞིའི་ལྟ་ཞིབ་ཚད་ལེན་ས་ཚིགས་ཕྱོགས་ཡོངས་ལ་ཁྱབ་པར་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།