གཞིས་རྩེས་ཚན་རྩལ་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་བཏང་སྟེ་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱེད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ད་ལོའི་ཚུན་དུ་གཞིས་རྩེ་གྲོང་ཁྱེར་གྱིས“ཚན་རྩལ་ལ་བརྟེན་ནས་དམངས་འཚོར་ཕན་འདོགས་པ་དང་། ཚན་རྩལ་ལ་བརྟེན་ནས་མང་ཚོགས་ཕྱུག་འགྱུར་དང་གྲོང་ཁྱེར་སྟོབས་ཆེར་གཏོང་བ། ཚན་རྩལ་ལ་བརྟེན་ནས་མཐའ་མཚམས་བརྟན་ལྷིང་དང་བོད་ལྗོངས་དར་རྒྱས་གཏོང་བའི”དམིགས་ཚད་ལ་དམ་པོར་དམིགས་ནས་ཚན་རྩལ་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་ལ་ཚན་རྩལ་གྱི་འདེགས་སྐྱོར་བྱས་ཤིང་། 2019ལོར་རང་སྐྱོང་ལྗོངས་ཚན་རྩལ་མཐུན་ཚོགས་ཀྱིས་གཞིས་རྩེ་གྲོང་ཁྱེར་གྱི་ཚན་རིག་ཁྱབ་གདལ་གྱི་དཔེ་སྟོན་རྟེན་གཞི་4དང་། ཚན་རིག་ཁྱབ་གདལ་སྣེ་ཁྲིད་པ1 ཞིང་འབྲོག་ཁུལ་གྱི་ཕུལ་བྱུང་ཚན་རྩལ་ཁྱབ་གདལ་ཆ་འཕྲིན་པ20བཅས་ཞིབ་དཔྱད་གཏན་འཁེལ་བྱས་པ་དེས་ལྗོངས་ཡོངས་ཀྱི་ཕུལ་བྱུང་ཚན་རྩལ་ཁྱབ་གདལ་ཆ་འཕྲིན་པའི80%བཟུང་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་གཞིས་རྩེ་གྲོང་ཁྱེར་གྱིས་རང་སྐྱོང་ལྗོངས་ཀྱི་གཙོ་གནད་ཚན་རྩལ་འཆར་འགོད་རྣམ་གྲངས་ཏེ《གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་གི་ཧོར་པའི་ལུག་གི་རྒྱུད་པ་འདེམས་གསོ་དང་གསོ་ཆགས་ལག་རྩལ་ཞིབ་འཇུག》ལག་བསྟར་བྱས་ཏེ་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་ཁྲི150བཏང་བ་དང་། ཀྲུང་དབྱང་གིས་ས་གནས་ཀྱི་ཚན་རྩལ་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པའི་ཆེད་དོན་མ་དངུལ་གྱི་རྣམ་གྲངས་ཏེ། 《ལྷ་རྩེ་རྫོང་གི་བོད་བྱའི་རྒྱུད་པ་སྲུང་སྐྱོང་རྣམ་གྲངས》ལག་བསྟར་བྱས་ནས་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་ཁྲི200བཏང་ཡོད། ཧྲན་ཏུང་ཞིང་ཆེན་ཞིང་ལས་ཚན་རིག་ཁང་ཞིང་ལས་ཐོན་རྫས་ཞིབ་འཇུག་ཁང་གཞི་རྟེན་དུ་བྱས་ཏེ《ནས་ཀྱི་སྨན་བཅོས་ལ་མཁོ་བའི་བཟའ་བཅའ་ཞིབ་འཇུག་གསར་སྤེལ》གྱི་གཙོ་གནད་ཞིབ་འཇུག་གསར་སྤེལ་གྱི་འཆར་གཞི་ལེགས་སྒྲུབ་བྱས་ཤིང་། མིག་སྔར་པ་སྣམ་རྫོང་དུ་ནས་ཀྱི་ཁྱད་ལྡན་བཟའ་བཅའི་ཐོན་སྐྱེད་སྒྲུབ་རིམ་གཉིས་བདེ་བླག་ངང་བསྐྲུན་ནས་སླད་ཕྱིན་ནས་ཀྱི་བཟའ་བཅའ་གསར་སྤེལ་བྱ་རྒྱུར་རྨང་གཞི་ཡག་པོ་ཞིག་བཏིང་ཡོད།

གོམ་སྟབས་རྗེས་མར་གཞིས་རྩེ་གྲོང་ཁྱེར་གྱིས་ཚན་རྩལ་གསར་གཏོད་ཀྱི་ནོར་སྲིད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ་ཚན་རྩལ་ལམ་སྲོལ་དང་ལམ་ལུགས་འཛུགས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ་དང་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས་གྲོང་ཁྱེར་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ལེན་ཆེད་ཚན་རྩལ་གྱི་འདེགས་སྐྱོར་ནུས་ལྡན་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།