བོད་ལྗོངས་ཀྱིས་སྦྱོང་བཤེར་བཅོས་གསུམ་བྱེད་ཞོར་བརྗོད་དོན་གཙོ་བོའི་སློབ་གསོར་སྐུལ་འདེད་གཏིང་ཟབ་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན་དུ་བོད་རང་སྐྱོང་ལྗོངས་ཀྱི་སྡེ་ཚན་ཁག་དང་ཚན་པ་ཁག་གིས་སློབ་སྦྱོང་སློབ་གསོ་དང་། བརྟག་དཔྱད་ཞིབ་འཇུག གནད་དོན་ལ་ཞིབ་ལྟ། དག་ཐེར་དོན་འཁྱོལ་བཅས་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ཏེ། གནད་དོན་དང་། དངོས་སྒྲུབ། དམངས་འཚོ་བཅས་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་སློབ་སྦྱོང་དང་ལས་ཀ་ཏན་ཏིག་ངང་ཟུང་དུ་འབྲེལ་བ་དང་ཞིབ་བཤེར་དང་བཅོས་སྒྲིག་སྦྲེལ་མཐུད་བྱས་ནས། མངོན་གསལ་དོད་པའི་གནད་དོན་འཚོལ་བཤེར་དང་ཐག་གཅོད་བྱེད་པའི་ཁྲོད་དུ་བརྗོད་དོན་གཙོ་བོའི་སློབ་གསོར་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོན་རྒྱུར་སྐུལ་སྤེལ་བཏང་བ་རེད།

ཐོག་མཐའ་བར་གསུམ་དུ་གནད་དོན་གནད་ལ་འཕིགས་པོ་འཚོལ་བཤེར་བྱ་རྒྱུ་དམ་འཛིན་བྱ་གཞིར་བརྩིས་ནས་གནད་ལ་འཕིགས་པོས་གནད་དོན་བཤེར་འདོན་གཏིང་ཟབ་བྱས་པ་རེད། བརྗོད་དོན་གཙོ་བོའི་སློབ་གསོ་མ་སྤེལ་གོང་དུ་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྡེ་ཚན་ཁག་དང་ཚན་པ་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཡང་ཡང་བསྡུར་བ་དང་། ཏང་གི་སྒྲིག་སྲོལ་སྒྲིག་ཡིག་དང་ཡང་ཡང་བསྡུར་བ། ཐོག་མའི་བསམ་འདུན་དང་འགན་འཁྲི་དང་ཡང་ཡང་བསྡུར་བ་བཅས་བྱེད་པའི་བཀོད་སྒྲིག་སྔོན་ཚུད་ནས་བྱས་ཏེ། ལས་ཀའི་ཞན་ཆ་འཚོལ་བཤེར་དང་ཐུན་མོང་རང་བཞིན་དང་དམིགས་བསལ་རང་བཞིན་གྱི་གནད་དོན་བཙལ་ནས། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བར་གནད་ལ་འཕིགས་པའི་དམིགས་འབེན་བསྟན་པ་རེད། མིག་སྔར། ཚན་པ་ཁག་གི་འགོ་ཁྲིད་ཚན་ཁག་དང་ཚན་ཁག་ཁོངས་མིས་རང་སྐྱོན་ཞིབ་ལྟ་དང་བསམ་ཞིབ་བྱེད་པའི་གནད་དོན་ཁག་512ལ་ཞུགས་པ་དང་། བསམ་འཆར་ཉན་པ་དང་གནད་དོན་བཤེར་འདོན་ཁག་230བྱས་པ། སྐོར་ཞིབ(ལྟ་སྐུལ་ཞིབ་བཤེར་དང་ལྟ་སྐུལ་མཛུབ་ཁྲིད)དང་ཡང་ཡང་བསྡུར་ནས་གནད་དོན་བཤེར་འདོན་ཁག་318བྱས་པ་རེད།

 ཐོག་མཐའ་བར་གསུམ་དུ་གནད་དོན་སེལ་རྒྱུ་བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་ལ་ཞིབ་བཤེར་བྱེད་པའི་ཚད་གཞིར་བརྩིས་ཏེ། ཤེས་མ་ཐག་བཅོས་སྒྲིག་བྱེད་པ་དང་བཅོས་སྒྲིག་དངོས་འབྲེལ་བྱས་ཡོད། ཀྲུང་དབྱང་གིས་བཏོན་པའི་ཕྱོགས་བརྒྱད་ཐད་ཀྱི་ཆེད་དོན་བཅོས་སྐྱོང་གི་ལས་འགན་དམ་འཛིན་ཡག་པོ་བྱས་པའི་རྨང་གཞིའི་ཐོག བོད་རང་སྐྱོང་ལྗོངས་ངོས་ནས་བཅོས་སྐྱོང་ལས་འགན་ཁག་3ཁ་སྣོན་བརྒྱབ་པ་མ་ཟད། བཅོས་སྐྱོང་ལས་འགན་ཚང་མར་བཅོས་སྐྱོང་བྱ་ཐབས་ཞིབ་ཕྲ་བཟོས་ཡོད་པ་དང་ད་བར་གནད་དོན་ཁག་278བཅོས་སྒྲིག་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ཤར་ཚུན་དུ་བོད་རང་སྐྱོང་ལྗོངས་ཀྱི་སྡེ་ཚན་ཁག་གིས་ཡིག་ཆ་བཀྲམ་པ་དང་ཚོགས་འདུ་འཚོགས་པའི་གྲངས་འབོར་དུས་མཚུངས་ལས་44.1%དང་43.8%ཉུང་དུ་ཕྱིན་ཡོད་པ་ལས། བོད་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུས་ཡིག་ཆ་བཀྲམ་པ་དང་ཚོགས་འདུ་འཚོགས་པའི་གྲངས་འབོར་དུས་མཚུངས་ལས་52%དང་50%ཉུང་དུ་བཏང་ཡོད། རྩ་ལག་མཉམ་བཅོས་མཐའ་འཁྱོངས་དང་འབྱུང་རྩ་ནས་བཅོས་སྒྲིག་ལ་སྣང་ཆེན་གྱིས་མིག་སྔར་རིགས་ཁག་གི་ལམ་ལུགས་ཁག་46བཙུགས་ཡོད།

ཐོག་མཐའ་བར་གསུམ་དུ་བརྗོད་དོན་གཙོ་བོའི་ཕན་འབྲས་དེ་མང་ཚོགས་ལ་ཕན་པ་ཐོབ་པ་ནས་མཚོན་པར་བྱས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་དཀའ་ངལ་དང་རྙོག་དྲ་སྲིད་གཞུང་གིས་སེལ་བ་དང་མང་ཚོགས་ལ་སྟབས་བདེ་དང་ཕན་པ་སྤྲོད་རྒྱུ་མཐའ་འཁྱོངས་བྱེད་དགོས་ལུགས་ཁ་གསལ་བཏོན་ཡོད། རང་ལྗོངས་ཀྱི་སྡེ་ཚན་དང་ཚན་པ་ཁག་གིས་དམངས་ལ་ཞབས་འདེགས་ཞུ་བ་དང་གནད་དོན་སེལ་བའི་དམིགས་ཚད་འདིར་དམིགས་ནས། དོན་དངོས་དང་ཟུང་འབྲེལ་གྱིས་སློབ་གསོ་དང་། སྨན་བཅོས། ལས་ཞུགས། སྤྱི་ཚོགས་འགན་སྲུང་སོགས་གཞི་རྩའི་དམངས་འཚོའི་གནད་དོན་ཁག་གཅིག་ཕྱོགས་ཡོངས་ནས་གསེད་བཀྲོལ་དང་གཙོ་གནད་ཐག་གཅོད་བྱས་ཡོད། མིག་སྔའི་བར་དམངས་ལ་ཞབས་འདེགས་ཞུ་བ་དང་དཀའ་ངལ་སེལ་ཐེངས་152ཟིན་ཡོད། གཞི་རིམ་ཏང་རྩ་འཛུགས་ནུས་མེད་ཟབ་ཟོབ་ཡིན་པའི་གནད་དོན་ལ་དམིགས་ནས། བོད་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུས་ནུས་མེད་ཟབ་ཟོབ་ཀྱི་གྲོང་ཚོའི་ཏང་རྩ་འཛུགས་589ཡི་གསལ་ཐོ་བཏོན་པ་རེ་རེ་བཞིན་ལ་བཅོས་སྒྲིག་རིམ་སྤོར་བྱས་པ་དང་། ད་བར་བཅོས་སྒྲིག་ཁག་68བྱས་ཡོད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།