བོད་ལྗོངས་སྟོད་ལུང་བདེ་ཆེན་ཆུས་མཚུར་ཕུ་ལུང་ཤུར་གྱི་རི་ཁུལ་རྐང་འཁོར་བྱེས་བགྲོད་འགྲན་བསྡུར་སྐབས་ལྔ་པ་མཇུག་བསྒྲིལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7ཚེས28ཉིན། སྟོད་ལུང་བདེ་ཆེན་ཆུས་མཚུར་ཕུ་ལུང་ཤུར་གྱི་རི་ཁུལ་རྐང་འཁོར་བྱེས་བགྲོད་འགྲན་བསྡུར་སྐབས་ལྔ་པ་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སུ་མཇུག་བསྒྲིལ་ཞིང་། འགྲན་བསྡུར་ལ་སྐྱེས་པའི་ཚོགས་ཆུང་དང་། བུད་མེད་ཚོགས་ཆུང་། རྒན་རྒོན་ཚོགས་ཆུང་བཅས་ཡོད་པ་དང་བདམས་ཐོན་པ་150ཞུགས་ཡོད། 

ཡུན་ནན་ཞིང་ཆེན་ཨའེ་ཝུའེ་ཀྲུང་གོ་རྐང་འཁོར་རུ་ཁག་ནས་ཡོང་བའི་ཝུའེ་ཁུའེ་དང་ཀྲང་ཤིས་ཐུང་། དེ་བཞིན་ཅེ་ཨན་ཐེ་རྐང་འཁོར་རུ་ཁག་ནས་ཡོང་བའི་ཟླ་བ་བཅས་ཀྱིས་ཆུ་ཚོད་1དང་སྐར་མ་13སྐར་ཆ་33དང་སྐར་ཆུང་01། ཆུ་ཚོད་1དང་སྐར་མ་28སྐར་ཆ་58དང་སྐར་ཆུང་81། ཆུ་ཚོད་1དང་སྐར་མ་29་སྐར་ཆ་12དང་སྐར་ཆུང་59བཅས་ཀྱི་གྲུབ་འབྲས་ཐོག་ནས་སྐྱེས་པའི་ཚོགས་ཆུང་དང་། བུད་མེད་ཚོགས་ཆུང་། རྒན་རྒོན་ཚོགས་ཆུང་བཅས་ཀྱི་ཨང་དང་པོ་བླངས་པ་རེད། 

འགྲན་བསྡུར་ལམ་ཁའི་ཆ་སྙོམས་ས་མགོ་སྨི་3900ཙམ་དང་མཐོ་ཤོས་སྨི་4200ཟིན་ཡོད་ཅིང་། སྤྱིའི་རིང་ཚད་ལ་སྤྱི་ལེ་42ཡོད་པས། རྐང་འཁོར་བཞོན་མཁན་ལ་མཚོན་ན་འགྲན་སློང་ཧ་ཅང་ཆེན་པོ་རེད། “མི་འཇོན་འཇོན་མདོག་བྱེད་པའི་”རྐང་འཁོར་རུ་ཁག་ནས་ཡོང་བའི་དབྱང་ལི་ཕིང་ནི་བོད་དུ་འགྲན་བསྡུར་བྱེད་པར་ཡོང་ཐེངས་དང་པོ་རེད། མོས“འདི་གར་འགྲན་བསྡུར་བྱེད་པར་མ་ཡོང་གོང་མཚོ་སྔོན་དུ་ཟླ་བ་གཅིག་ཙམ་ལ་སྦྱོང་བརྡར་བྱས་མོད། འོན་ཀྱང་ལར་འཛེག་སྐབས་ད་དུང་དཀའ་ཚེགས་ཆེན་པོ་འདུག”ཅེས་བཤད་པ་དང་། ཁོ་མོས་ལམ་ཁའི་མཛེས་ལྗོངས་ཧ་ཅང་ཡག་པོ་འདུག  སང་ལོར་ད་དུང་འགྲན་བསྡུར་ནང་ཞུགས་རྒྱུ་ཡིན་ཞེས་བཤད། 

འགྲན་བསྡུར་གྱི་ཉིན་དེར་སྟོད་ལུང་བདེ་ཆེན་ཆུས་ཀྱི་ཞིང་པས་འགྲེམས་ཚོང་སྟེགས་བུ་བཙུགས་ནས་ལག་ཤེས་བཟོ་རྩལ་ཐོན་རྫས་དང་ཡུལ་ཐོན་ཁྱད་རྫས་བཙོངས་པ་རེད། སྟོད་ལུང་བདེ་ཆེན་ཆུས་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་རྣམ་གྲོལ་ཆོས་ཉིད་ཀྱིས་ས་གནས་དེ་གས་“ལུས་རྩལ་དང་། རིག་གནས། ཡུལ་སྐོར་བཅས་ཟུང་དུ་འབྲེལ་བའི”བྱེད་སྟངས་ལ་སྐུལ་འདེད་གཏོང་བཞིན་ཡོད་ལ། མི་དེ་བས་མང་པོ་སྟོད་ལུང་བདེ་ཆེན་ཆུས་སུ་བསྐྱོད་དེ་སྣོད་བཅུད་རང་བྱུང་ཐོན་ཁུངས་ཉམས་སུ་མྱོང་འཇུག་པ་དང་། ཐུན་མོང་མ་ཡིན་པའི་ཡུལ་སྐོར་ཐོན་རྫས་ཉམས་ལེན་བྱེད་པ། ས་གནས་དེ་གའི་ཡུལ་སྐོར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་དུ་བཅུག་པ་བརྒྱུད་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པ་ཡིན་ཞེས་བཤད། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།