“ཀྲུང་ཧྭའི་དཔེ་རྙིང་ཡོངས་བཤེར་གྱི་རིག་གནས་དང་བླངས་ཞབས་ཞུའི་བྱ་སྤྱོད·བོད་དུ་སྐྱོད་པའི”བྱེད་སྒོ་སྤེལ་འགོ་བཙུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལྷ་ས་ནས་ཟླ་7པའི་ཚེས་21ཉིན་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། ཀྲུང་གོ་དཔེ་རྙིང་སྲུང་སྐྱོང་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་། བོད་ལྗོངས་དཔེ་མཛོད་ཁང་དང་བོད་རང་སྐྱོང་ལྗོངས་དཔེ་རྙིང་སྲུང་སྐྱོང་ལྟེ་གནས་ཀྱིས་སྒྲུབ་འགན་འཁུར་བའི་2019ལོའི“ཀྲུང་ཧྭའི་དཔེ་རྙིང་ཡོངས་བཤེར་གྱི་རིག་གནས་དང་བླངས་ཞབས་ཞུའི་བྱ་སྤྱོད·བོད་དུ་སྐྱོད་པའི”བྱེད་སྒོ་ལྷ་སར་སྤེལ་འགོ་བཙུགས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་དང་བླངས་པའི་བྱ་སྤྱོད་འཆར་གཞི་གཞིར་བཟུང་། དང་བླངས་པ་12གཞིས་རྩེ་གྲོང་ཁྱེར་གྱི་བཀྲས་ལྷུན་དགོན་དང་ཞ་ལུ་དགོན་དུ་བསྐྱོད་ནས་དཔེ་རྙིང་པོ་ཏི་800ལ་འབྲེལ་ཡོད་ཡོངས་བཤེར་དང་ཐོ་འགོད་ལས་དོན་སྤེལ་རྒྱུ་རེད། གསར་འགོད་པས་ཤེས་རྟོགས་བྱས་པར། 2019ལོའི “ཀྲུང་ཧྭའི་དཔེ་རྙིང་ཡོངས་བཤེར་གྱི་རིག་གནས་དང་བླངས་ཞབས་ཞུའི་བྱ་སྤྱོདབོད་དུ་སྐྱོད་པའི”བྱེད་སྒོར་ཞུགས་པའི་དང་བླངས་པ་ཕལ་ཆེ་བ་ཀྲུང་དབྱང་མི་རིགས་སློབ་ཆེན་དང་བོད་ལྗོངས་སློབ་ཆེན་གྱི་ལོ་རྒྱུས་རིག་པ། ཆོས་ལུགས་རིག་གནས་རིག་པ། གནའ་བོའི་ཚད་ལྡན་ཡིག་ཆའི་རིག་པ། གསར་འགྱུར་བརྒྱུད་བསྒྲགས་རིག་པ། བོད་སྐད་ཡིག་རིག་གཞུང་སོགས་ཆེད་ལས་ཀྱི་རབ་འབྱམས་པའི་ཞིབ་འཇུག་སློབ་མ་དང་འབུམ་རམས་པའི་ཞིབ་འཇུག་སློབ་མ་རེད། ཟླ་7པའི་ཚེས་16ཉིན་དང་ཚེས་17ཉིན། བོད་རང་སྐྱོང་ལྗོངས་དཔེ་རྙིང་སྲུང་སྐྱོང་ལྟེ་གནས་ཀྱིས་དང་བླངས་པ་12ལ་དུས་ཡུན་ཉིན་གཉིས་ཀྱི་ཡོངས་བཤེར་ཐོ་འགོད་གསོ་སྦྱོང་བྱས་ཤིང་། རིགས་གཅིག་མཁས་ཅན་གྱིས་སློབ་ཁྲིད་དང་། དཔེ་རྙིང་དཀར་ཆག་ཟིན་འགོད་སྦྱོང་བརྡར། དཔེ་རྙིང་པར་ལེན་སོགས་ཀྱི་སློབ་སྦྱོང་བྱས་པ་བརྒྱུད་དང་བླངས་པས་ཡོངས་བཤེར་བྱེད་རིང་གཞི་རྩའི་ལས་ཀའི་བརྒྱུད་རིམ་དང་ལས་ཀའི་རྩལ་ནུས་ཤེས་རྟོགས་བྱུང་བ་དང་རྒྱལ་ཡོངས་ཀྱི་དཔེ་རྙིང་ཡོངས་བཤེར་ལས་དོན་གྱི་དོན་སྙིང་གལ་ཆེན་ཡང་ཤེས་རྟོགས་ཐུབ་ནས་དཔེ་རྙིང་སྲུང་སྐྱོང་བྱེད་པའི་འདུ་ཤེས་བཙུགས་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།