བོད་ལྗོངས་ཀྱི་ནོར་བུ་གླིང་ཁས་གནའ་དཔེ་ཁག745ཡི་ཡོངས་བཤེར་ལས་དོན་ལེགས་གྲུབ་བྱུང་བ།

138171769_1561431562002_title0h.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཉེ་དུས་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་ནས་ཤེས་རྟོགས་བྱུང་གསལ། རྒྱལ་ཡོངས་ཀྱི་གནའ་དཔེ་སྲུང་སྐྱོང་གཙོ་གནད་ཚན་པ་སྟེ་བོད་ཀྱི་ནོར་བུ་གླིང་ཁའི་གནའ་དཔེ་དང་གནས་སྤོ་ཐུབ་པའི་རིག་དངོས་ཡོངས་བཤེར་ལས་དོན་ན་ནིང་ཟླ་དགུ་པར་སྒྲུབ་འགོ་ཚུགས་ཚུན། གནའ་དཔེ་ཁག745ཡི་ཡོངས་བཤེར་ཐོ་འགོད་ལས་དོན་ལེགས་གྲུབ་ཟིན་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ནོར་བུ་གླིང་ཁས་ཡོངས་བཤེར་ཐོ་འགོད་བྱས་པའི་གནའ་དཔེ་ཁག745ཡོད་པའི་ཁྲོད་ཕོ་བྲང་གསར་པའི་ནང་ཉར་ཚགས་བྱས་པའི་གནའ་དཔེ་ཁག361དང་། སྐལ་བཟང་ཕོ་བྲང་ནང་ཉར་ཚགས་བྱས་པའི་གནའ་དཔེ་ཁག19 སྤྱན་བསལ་ཕོ་བྲང་ནང་ཉར་ཚགས་བྱས་པའི་གནའ་དཔེ་ཁག151 སྐལ་བཟང་དགའ་འཁྱིལ་ཕོ་བྲང་ནང་ཉར་ཚགས་བྱས་པའི་གནའ་དཔེ་ཁག117 ཞབས་བརྟན་ལྷ་ཁང་ནང་ཉར་ཚགས་བྱས་པའི་གནའ་དཔེ་ཁག97བཅས་ཚུད་ཡོད་པ་རེད།

བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གནའ་དཔེ་ཚན་པའི་ཀྲུའུ་རེན་ཉི་ཤར་གྱིས་ནོར་བུ་གླིང་ཁའི་གནའ་དཔེ་དང་ཚད་ལྡན་ཡིག་ཚགས་ཁག་གཅིག་ལ་ཤོག་ལྷེ་འབྱར་བ་དང་། གོ་རིམ་འཁྲུག་པ། འབུ་བརྒྱབ་པ། གླེགས་ཐག་གྲོལ་བ་སོགས་ཀྱི་སྣང་ཚུལ་ཐོན་ཡོད། ཡོངས་བཤེར་བྱེད་རིང་ལས་དོན་པས་གནའ་དཔེ་ཡོངས་བཤེར་དང་གནས་སྤོ་ཐུབ་པའི་རིག་དངོས་ཡོངས་བཤེར་གྱི་ཚད་གཞི་གཉིས་ཀྱི་བརྒྱུད་རིམ་ལ་ནན་ཏན་ངང་གཞིགས་ཏེ་གནའ་དཔེའི་ཤོག་གྲངས་རེ་རེ་བཞིན་རྩིས་བཤེར་དང་ཐལ་འཕྱག་བྱས་པ་མ་ཟད། འབུ་བརྒྱབ་པ་དང་རལ་བ་སོགས་ཀྱི་གནས་ཚུལ་ཐོན་རིགས་གློག་ཀླད་དམ་ཡང་ན་ཡོངས་བཤེར་དེབ་ནང་ཐོ་འགོད་ཞིབ་ཕྲ་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

གཞན་ཡང་ལས་དོན་པས་གནའ་དཔེ་ཁག343དཔེ་རས་གསར་པའི་ནང་བསྒྲིལ་བ་དང་གདོང་འཛར་མེད་པའི་ཚད་ལྡན་ཡིག་ཚགས་ལ་བོད་ཀྱི་ཡིག་གཟུགས་མཁས་ཅན་གདན་དྲངས་ནས་གདོང་འཛར་ཁག250བྲིས་ཡོད། མིག་སྔར། ལས་དོན་པས་ནོར་བུ་གླིང་ཁའི་གནའ་དཔེ་ཉར་ཚགས་མང་ཤོས་ཀྱི་གྲུ་འཛིན་ཕོ་བྲང་ནང་གི་གནའ་དཔེ་ལ་ཡོངས་བཤེར་ཐོ་འགོད་ཀྱི་ལས་དོན་སྤེལ་བཞིན་ཡོད་པ་རེད།

ཉི་ཤར་གྱིས“ནོར་བུ་གླིང་ཁའི་གནའ་དཔེ་ཡོངས་བཤེར་ལས་དོན་ནི་བོད་རང་སྐྱོང་ལྗོངས་ཀྱི་གནས་སྤོ་ཐུབ་པའི་རིག་དངོས་དོ་དམ་སྡེ་ཚན་དང་གནའ་དཔེ་ཡོངས་བཤེར་སྡེ་ཚན་གྱིས་མཉམ་དུ་ལས་དོན་སྤེལ་ཐེངས་དང་པོ་ཡིན་པ་དང་། ཕྱོགས་གཉིས་པོས་ལས་བགོས་ཁ་གསལ་བརྒྱབ་པ་དང་མཉམ་སྒྲུབ་མཉམ་སྤྱོད་བྱས་ནས་སླད་ཕྱིན་ཡོངས་བཤེར་བསྐྱར་མ་བྱེད་སྐབས་གནའ་དཔེ་དང་ཚད་ལྡན་ཡིག་ཚགས་ལ་གནོད་སྐྱོན་བསྐྱར་མ་མི་ཡོང་བ་བྱས་པ་དེས་གཙོ་གནད་ཉར་ཚགས་ཚན་པ་གཞན་དག་ལའང་ཡོངས་བཤེར་ལས་དོན་ཐད་ཉམས་མྱོང་དཔྱད་གཞིར་འཛིན་རྒྱུ་གལ་ཆེན་མཁོ་འདོན་བྱུང་ཡོད”ཅེས་བརྗོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།