ལྷ་སར་“ཚན་རྩལ་ལས་གཏོད་གསར་གཏོད་དངུལ་འཛིན”ཐོག་མར་བཀྲམ་སྟེ། ཁེ་ལས་ཀྱི་འཕེལ་རྒྱས་ལ་རམ་འདེགས་བྱེད་པ།

W020190625787833847318.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས25ཉིན། བོད་རང་སྐྱོང་ལྗོངས་ཐོན་སྐྱེད་ནུས་ཤུགས་སྐུལ་འདེད་ལྟེ་གནས་དང་ལྷ་ས་གྲོང་ཁྱེར་ཚན་རྩལ་ཅུས་གཉིས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པའི་ལྷ་ས་གྲོང་ཁྱེར་གྱི་ཚན་རྩལ་ལས་གཏོད་གསར་གཏོད་དངུལ་འཛིན་ཐོག་མར་འགྲེམ་པའི་མཛད་སྒོ་དང་ཚན་རྩལ་རྣམ་པའི་ཁེ་ལས་གསབ་སྦྱོང་ཚོགས་འདུ་སྟེ། ལྷ་སའི་ཚན་རྩལ་གློག་ཚང་དང་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་གཏོད་ལས་ཞུགས་གནས་གཞིར་སྤེལ། 

ཚོགས་འདུའི་ཡུལ་དངོས་སུ་ཚན་རྩལ་རྣམ་པའི་ཁེ་ལས་ཀྱི་འཐུས་ཚབ་ལ་ཚན་རྩལ་གསར་གཏོད་དངུལ་འཛིན་བཀྲམ་པ་དང་། ཚན་རྩལ་གསར་གཏོད་དངུལ་འཛིན་ཞབས་ཞུའི་ལས་ཁུངས་བཅུའི་མིང་ཐོ་བསྒྲགས་པར་མ་ཟད། ཚན་རྩལ་གསར་གཏོད་དངུལ་འཛིན་བཀོལ་སྤྱོད་བྱེད་པའི་སྒྲིག་སྲོལ་ཕྲ་ཞིང་ཞིབ་པར་གསལ་བཤད་བྱས། 

ཚན་རྩལ་ལས་གཏོད་གསར་གཏོད་དངུལ་འཛིན་ནི་སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་བྱེད་པའི་ཐབས་ལམ་བརྒྱུད་ནས་ཚན་རྩལ་ཤེས་ལྡན་མི་སྣས་ལས་གཏོད་བྱ་བ་དང་ཚན་རྩལ་རྣམ་པའི་ཁེ་ལས་ཆུང་འབྲིང་གིས་གསར་གཏོད་བྱ་བར་རྒྱབ་སྐྱོར་བྱེད་པའི་ཐབས་ཇུས་ཤིག་སྟེ། གཙོ་བོར་གཏོད་སྤྲོད་ལག་རྩལ་གྱི་འདྲི་རྩད་དང་ལག་རྩལ་བརྗེ་སྤོར། ཞིབ་འཇུག་གསར་སྤེལ། ཞིབ་དཔྱད་ཚད་ལེན་དངོས་དཔང་། ལས་གཏོད་རྣམ་པ་གསར་པའི་དཔལ་འབྱོར་རྩ་འཛུགས། ཤེས་ཡོན་གྱི་ཐོན་དངོས་བདག་དབང་བཅས་ཀྱི་ཞབས་ཞུའི་གྲོན་དངུལ་ལ་བེད་སྤྱོད་པ་རེད།

W020190625788034015840.jpg

རྒྱུས་ལོན་བྱས་པ་ལྟར་ན། ལྷ་ས་གྲོང་ཁྱེར་གྱིས་ད་ལོར་ཚན་རྩལ་ལས་གཏོད་གསར་གཏོད་དངུལ་འཛིན1000འགྲེམ་འཆར་ཡིན་ལ། རེ་རེའི་དངུལ་ཐང་སྒོར5000ཡིན། ཚན་རྩལ་རྣམ་པའི་ཁེ་ལས་ཀྱིས་གསར་གཏོད་དངུལ་འཛིན་བླངས་རྗེས། གསར་གཏོད་དངུལ་འཛིན་གྱིས་ངོས་ལེན་བྱེད་ཕྱོགས་ཀྱི་གསར་གཏོད་དངུལ་འཛིན་ཞབས་ཞུའི་ལས་ཁུངས་ནས་ཞབས་ཞུ་ཉོ་སྒྲུབ་བྱེད་ཆོག ཁེ་ལས་དང་ལས་གཏོད་པ་གཅིག་འདྲས་ཐེངས་གཅིག་ལ་གསར་གཏོད་དངུལ་འཛིན་ལེན་པའམ་བེད་སྤྱོད་པ་གང་ཡིན་ཡང་སྒོར་ཁྲི་གཅིག་ལས་བརྒལ་མི་ཆོག་པ་དང་། ལོ་གཅིག་རིང་ལ་ཆེས་མང་ན་སྒོར་ཁྲི་གཉིས་ལས་བརྒལ་མི་ཆོག་པ་རེད། 

ལྷ་ས་གྲོང་ཁྱེར་ཚན་རྩལ་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིའི་གསར་གཏོད་དངུལ་འཛིན་གྱི་འགྲེམ་གཏོང་མཛད་སྒོ་དང་གསབ་སྦྱོང་འཛིན་གྲྭ་སྤེལ་བ་ནི། ཁེ་ལས་པ་རྣམས་ཀྱིས་མིག་སྔར་ལྷགས་པའི་འཕེལ་རྒྱས་ཀྱི་གནས་བབ་དང་གོ་སྐབས་བཟང་པོར་ངེས་ཤེས་ཡག་པོ་ཡོང་བ་ལ་རོགས་རམ་བྱེད་པ་དང་། རྒྱ་ཆེའི་ཚན་རྩལ་རྣམ་པའི་ཁེ་ལས་དང་གསར་གཏོད་ལས་གཏོད་ཚོགས་པས་བོད་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་ཚན་རྩལ་གསར་གཏོད་སྲིད་ཇུས་ལ་རྒྱུས་ལོན་ཡག་པོ་ཡོང་བར་རོགས་རམ་བྱེད་པ་བརྒྱུད་ནས། ཆ་རྐྱེན་འདང་བའི་ཁེ་ལས་ཀྱིས་གཟིགས་སྐྱོང་སྲིད་ཇུས་ལེགས་པར་བེད་སྤྱོད་ཐུབ་པ་དང་། ཞིབ་འཇུག་གསར་སྤེལ་གཏོང་འཇོག་དང་ཤེས་ལྡན་མི་སྣ་ནང་འདྲེན་ཇེ་མང་དུ་གཏོང་བ། ཁེ་ལས་དང་ཚོགས་པས་གསར་གཏོད་བྱ་འགུལ་ལེགས་པར་སྤེལ་ནས་ཁེ་ལས་ཀྱི་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་ཆེད་དུ་ཡིན། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།