ཝུའུ་དབྱིང་ཅེས་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་དང་མཇལ་འཛོམས་གནང་བ།

138174694_15615171132471n.jpg

འདི་ནི་ཝུའུ་དབྱིང་ཅེ་དང་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་རྣམ་གཉིས་ཀྱིས་མཇལ་དར་བསྒྲོན་རེས་གནང་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྷ་སར་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་དང་མཇལ་འཛོམས་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཆེ་དགྲ་ལྷ་དང་། ཏིང་ཡེ་ཤན། ཀྲོང་ཡན། བསྟན་ཁོ། ལིའུ་ཅང་བཅས་ལྷན་དུ་མཇལ་འཛོམས་ལ་ཕེབས་པ་རེད། ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཚབ་ཞུས་ནས། པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་བོད་དུ་ཆོས་ལུགས་ཀྱི་བྱེད་སྒོ་དང་སྤྱི་ཚོཌ་ཀྱི་བྱེད་སྒོ་སྤེལ་བར་ཕེབས་པར་དགའ་བསུ་ཞུས་གནང་བ་རེད།

ཝུའུ་དབྱིང་ཅེས་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་སྐབས་གསར་པའི་ཚོགས་གཙོར་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས་གནང་བ་དང་། ཁོང་གིས། པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཆབ་སྲིད་ཐད་བློས་འཁེལ་བ་དང་། ཆོས་ལུགས་ཐད་སྐུ་ཡོན་ཆེ་བ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་ནུས་པ་ཐོན་པ”བཅས་ཀྱི་མཛུབ་སྟོན་གལ་ཆེན་ཐུགས་ལ་བརྟན་པོར་ངེས་པ་དང་། ཀྲུའུ་ཞི་དབང་དབྱང་གི་བླང་བྱ་གཞིར་བཟུང་། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གནང་ནས། བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་རྒྱུན་འཛིན་གྱིས་ཐུགས་ལ་མེས་རྒྱལ་འཆང་བ་དང་ཐུགས་སེམས་དམངས་དང་འབྲེལ་ནས་བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། སྤྱི་ཚོགས་ཡར་ཐོན་ལ་སྐུལ་འདེད་བཅས་གཏོང་དགོས། ལག་ལེན་ཁྲོད་ནས་སྦྱོང་བརྡར་ཐེབས་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ནང་བསྟན་གྱི་གསུང་རབ་ལ་བརྩོན་ཞིབ་དང་བློ་སྦྱོང་ལ་འབད་བརྩོན་གནང་ཐོག་དེང་རབས་ཚན་རིག་རིག་གནས་ཀྱི་ཤེས་བྱ་རྒྱ་ཁྱབ་ངང་སློབ་སྦྱོང་གནང་ནས་གྲབས་ཚགས་ཚུད་དང་གཏོང་གནད་འཁེལ་དང་སྤྱོད་བཟང་ཐེག་ཆེ་གནང་དགོས། ཐོག་མཐའ་བར་གསུམ་དུ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་ཀྱིས་བསྟན་དོན་འདུལ་ཁྲིམས་ལ་སྤྱི་ཚོགས་འཕེལ་རྒྱས་དང་དུས་རབས་ཡར་རྒྱས་དང་འཚམ་པའི་འགྲེལ་བཤད་བསྐྱོན་ཏེ། བོད་བརྒྱུད་ནང་བསྟན་རྒྱུན་ཆད་མེད་པར་དུས་བསྟུན་འཕེལ་རྒྱས་ཡོང་བ་གནང་ཐོག་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བ་བྱེད་པ་མ་ཟད། དད་ལྡན་མང་ཚོགས་ཀྱི་བློ་གྲོས་དང་སྟོབས་ཤུགས་ཐོན་སྐྱེད་འཕེལ་རྒྱས་དང་། ལས་བརྩོན་ཕྱུག་འགྱུར། འཚོ་བ་ལེགས་གཏོང་བཅས་ཀྱི་ཐོག་ཏུ་ཁྲིད་སྟོན་བྱེད་པ་དང་། ཁོང་ཚོས་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་ནས་སྐྱོན་བྲལ་དང་ཤེས་དཔལ་ལྡན་པའི་འཚོ་བ་དོན་གཉེར་དང་ཚེ་འདིའི་བདེ་སྐྱིད་འཚོ་བ་ཡག་པོ་སྐྱེལ་བར་སློབ་གསོ་ཁྲིད་སྟོན་བྱེད་དགོས་པའི་ཐུགས་རེ་གནང་བ་རེད།

པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བོད་བརྒྱུད་ནང་བསྟན་ལས་རིགས་ལ་ཐུགས་ཁུར་དང་བྱམས་སྐྱོང་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ཉེ་དུས་ཀྱི་སྒོམ་སྒྲུབ་དང་སློབ་སྦྱོང་སྐོར་གྱི་གནས་ཚུལ་ངོ་སྤྲོད་གནང་བ་རེད། པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས། ཆོས་གཅེས་པས་ངེས་པར་དུ་རྒྱལ་གཅེས་བྱེད་དགོས་པ་དང་དམངས་གཅེས་པས་ངེས་པར་དུ་ཏང་ལ་དགའ་ཞེན་བྱེད་དགོས་པས། རང་ཉིད་ནས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་མིག་དཔེར་རྩེ་གཅིག་ཏུ་འཛིན་ནས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་རེ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བ་དང་རྒྱ་ཆེའི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་རེ་བ་ནན་པོ་ཆུད་ཟོས་སུ་མི་གཏོང་བར་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་བྱས་ཏེ་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་དང་། བོད་བརྒྱུད་ནང་བསྟན་གྱི་རྒྱ་ཆེའི་དད་ལྡན་སེར་སྐྱ་མང་ཚོགས་ཀྱིས་ལས་སླ་པོར་བྱུང་བ་ཞིག་མིན་པའི་མཛེས་སྡུག་ལྡན་པའི་འཚོ་བར་གཅེས་འཛིན་ལྷག་པར་བྱེད་པར་སློབ་གསོ། རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ནང་ཞུགས་རྒྱུར་ཁྲིད་སྟོན་བཅས་ཧུར་ཐག་བྱས་ཏེ། དུས་རབས་གསར་པའི་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།